༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ ཚེས་ ༡༡ ཉིན་ཉི་འོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་དང་། དོན་ཁང་གི་ལས་བྱེད། ཉི་འོང་བོད་རིགས་ཚོགས་པའི་ཚོགས་མི་རྣམས་ཉི་འོང་གནས་འཁོད་ཨ་རིའི་གཞུང་ཚབ་ཁང་དུ་ཆེད་བཅར་གྱིས་གཞུང་ཚབ་གཞོན་པ་ཀེ་ཐེ་རིན་ (Katherine E. Monahan) ལགས་མཇལ་ཏེ། ཨ་རི་གཞུང་ནས་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་བར་ཐུགས་རྗེ་ལེགས་འབུལ་ཞུས་ཡོད།
དེ་ཡང་མཇལ་འཕྲད་སྐབས་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཉི་འོང་སྐུ་ཚབ་དོན་ཁང་དང་། ཉི་འོང་བོད་རིགས་ཡོངས་ཀྱི་ཚབ་ཞུས་ཏེ། ཨ་རི་གཞུང་ནས་བོད་རྒྱའི་རྩོད་རྙོག་སེལ་ཐབས་སུ་རྒྱབ་སྐྱོར་མུ་མཐུད་གནང་བཞིན་པ་མ་ཟད། ལྷག་པར་ཉེ་ལམ་ཨ་རི་གཞུང་ནས་བོད་རྒྱའི་རྩོད་རྙོག་སེལ་ཐབས་ལ་སྐུལ་དེད་གཏོང་མཁན་ཁྲིམས་ཡིག་གལ་ཆེན་ཞིག་གཏན་འབེབས་གནང་བར་ཐུགས་རྗེ་ཆེ་ཞུས་པའི་ཐོག ཨ་རིའི་སྲིད་འཛིན་ཇོ་བྷའི་ཊེན་མཆོག་ནས་མཚན་རྟགས་འགོད་བཞིན་པའི་དྲན་རྟེན་ཕྱག་རྟགས་ཤིག་ཕུལ་ཡོད། དེ་བཞིན་སྐུ་ཚབ་དོན་གཅོད་ནས་གཞུང་ཚབ་གཞོན་པ་གཙོས་པའི་ལས་བྱེད་རྣམས་ལ་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་དེ་ཉིད་ཉི་འོང་དང་། ཀོ་རི་ཡའི་སྐད་ཡིག་ཏུ་བསྒྱུར་ཏེ། རྒྱལ་ཁབ་གཉིས་ཀྱི་གྲོས་ཚོགས་འཐུས་མི་དང་། གཞུང་ཞབས་མི་སྣ། ཆེད་མཁས་པ། གསར་འགོད་པ་སོགས་ལ་འགྲེམས་སྤེལ་གནང་ཡོད་སྐོར་སྙན་སེང་ཞུས་ཡོད་པ་རེད།
ཨ་རིའི་གཞུང་ཚབ་གཞོན་པ་ཀེ་ཐེ་རིན་ལགས་ནས་ཀྱང་སྐུ་ཚབ་དོན་གཅོད་གཙོས་པའི་བོད་མི་རྣམས་གཞུང་ཚབ་ཁང་དུ་ཕེབས་པར་ཐུགས་རྗེ་ཆེ་གསུངས་པ་དང་ཆབས་ཅིག བོད་མི་རྣམས་ཀྱི་དྲིན་བསམ་ཤེས་ཀྱི་སེམས་ཚོར་ལ་བསྔགས་བརྗོད་དང་སྦྲགས། བོད་མིའི་དྲང་བདེན་དང་ཞི་བདེའི་འཐབ་རྩོད་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་། མཇལ་མོལ་སྐབས་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་སྐུ་ཞབས་ཀོ་ལིན་ཕི་ཤི་ཝིག་ (Colin Fishwick) ལགས་དང་། ལྕམ་མི་ལི་ས་ཨོ་ཝན་ (Melissa Owens) ལགས་ཀྱང་ལྷན་ཞུགས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་ཡོད་པ་གསུངས།
སྐབས་དེར་བོད་མིའི་སྐུ་ཚབ་རྣམས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཡེ་ཤུའི་བླ་ཆེན་ཀྲུ་ཀྲུ་རྣམ་གཉིས་ཀྱི་ཕྱག་དེབ། བདེ་སྐྱིད་ཀྱི་དཔེ་དེབ། (Book of Joy) དང་། བོད་མིའི་སྒྲིག་འཛུགས་ཀྱི་ཕུགས་དམིགས་ཡིག་ཆ། སྐུ་ཚབ་དོན་གཅོད་ཚེ་དབང་རྒྱལ་པོ་ལགས་ཀྱིས་བརྩམས་པའི་འབྲུག་གི་དུག་རླངས་ལ་ཁ་གཏད། ཅེས་པའི་དཔེ་དེབ་མཚོན་པའི་བོད་དོན་དང་འབྲེལ་བའི་དཔེ་དེབ་ཁག་ཅིག་ཕུལ་ཡོད་པ་བཅས།།