༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་ ༡༠ པའི་ཚེས་ ༣ ཉིན་བྱེས་ཀྱི་དཔལ་ལྡན་ས་སྐྱའི་གདན་ས་རཇ་སྤུར་དཔལ་ས་སྐྱའི་ཆོས་སྒར་དུ་༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་དཔལ་ལྡན་ས་སྐྱ་པའི་ལྷ་སྡེ་མི་སྡེ་ཡོངས་ནས་༸སྐུའི་གྱ་སྟོན་བརྟན་བཞུགས་ཆེན་མོ་བསྟར་འབུལ་ཞུས་གནང་སོང་། སྐབས་དེའི་བརྟན་བཞུགས་བསྟར་འབུལ་ཞུ་བའི་མཛད་སྒོའི་ཐོག་༸དཔལ་ས་སྐྱ་ཁྲི་འཛིན་ ༤༢ པ་རཏྣ་བཛྲ་རིན་པོ་ཆེ་མཆོག་དང་། ༸དཔལ་ས་སྐྱ་ཁྲི་འཛིན་ ༤༣ པ་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱིས་དབུས་པའི་ཕོ་བྲང་རྣམ་གཉིས་ཀྱི་འཁོན་གདུང་དང་རྗེ་བཙུན་མ་རྣམ་པ། མཁན་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག དཔལ་ལྡན་ཁྲིམས་ཞིབ་པ་གཞན་བསྟན་འཛིན་ལུང་རྟོགས་མཆོག དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག སྤྱི་འཐུས་རྒྱུན་ལས་རྣམ་པ་དང་སྤྱི་འཐུས་ཁག་ཅིག ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་ཀརྨ་ཡེ་ཤེས་ལགས། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས། རྒྱལ་ཡུམ་ཆེན་མོ་མཆོག་དང་བདག་མོ་རྣམ་པ། བཀའ་ཟུར་དང་། སྤྱི་འཐུས་ཚོགས་ཟུར། ཚོགས་གཞོན་ཟུར་པ། སྤྱི་ཟུར། ཆོས་རིག་དྲུང་ཆེ། དེ་བཞིན་རྒྱ་གར་གྲངས་ཉུང་མི་རིགས་ཀྱི་ཚོགས་གཙོ་རིན་ཆེན་ལྷ་མོ་ལགས་དང་། རྒྱ་གར་གྲོས་ཚོགས་འཐུས་མི་ཟུར་པ་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས། གཞན་ཡང་དགོན་སྡེ་ཁག་དང་། ཚོགས་པ་ཁག་གི་སྐུ་ཚབ་དང་གནད་ཡོད་སྐུ་མགྲོན་རྣམ་པ། སེར་སྐྱ་མང་ཚོགས་སྟོང་ཕྲག་བརྒལ་བ་འདུ་འཛོམས་གནང་འདུགཉིན་རྒྱབ་ཆུ་ཚོད་ ༢།༠༠ པའི་ཐོག་༧སྐྱབས་མགོན་ས་སྐྱ་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དབུ་བཞུགས་ཐོག་༧སྐུའི་གྱ་སྟོན་བརྟན་བཞུགས་ཀྱི་ཕྱི་ལུགས་མཛད་སྒོ་ཞིག་ཚོགས་གནང་བ་དང་། དེའི་སྐབས་ ༧སྐྱབས་མགོན་ས་སྐྱ་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་༧སྐུའི་རང་རྣམ་དང་། རྒྱུད་གསུམ་བཀའ་ཁྲིད་སོགས་ཕྱག་དེབ་དབུ་འབྱེད་དང་། ༧སྐྱབས་མགོན་ས་སྐྱ་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། རྒྱལ་ཡུམ་ཆེན་མོ་བཀྲ་ཤིས་ལྷ་སྐྱིད་མཆོག་རྣམ་གཉིས་ལ། དཔལ་ས་སྐྱའི་ལྷ་སྡེ་མི་སྡེ་ཐུན་མོང་གི་བཀའ་དྲིན་རྗེས་དྲན་གྱི་གཟེངས་བསྟོད་མཚོན་བྱེད་དུ། ཆོས་འཁོར་རྩིབས་སྟོང་དང་སྒྲོལ་དཀར་གྱི་སྐུ་བརྙན་༧སྐྱབས་མགོན་༧གོང་མ་ཁྲི་འཛིན་རྣམ་གཉིས་ནས་འདེགས་འབུལ་ཞུས་སོང་།
མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་དོན། བསྟན་དང་འགྲོ་བའི་གཙུག་རྒྱན། སྔགས་འཆང་ཆོས་ཀྱི་རྒྱལ་པོ། དཔལ་ས་སྐྱ་པ་ཆེན་པོ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་༸སྐུའི་གྱ་སྟོན་གྱི་དུས་བཟང་ཁྱད་པར་ཅན་གྱི་ཉིན་མོ་འདིར་ཕེབས་པའི་༸སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་དབུས། ༸སྐྱབས་མགོན་གོང་མ་ཁྲི་འཛིན་ཞེ་གཉིས་པ་དང་ཞེ་གསུམ་པ། ཕོ་བྲང་གཉིས་ཀྱི་གདུང་སྲས་དང་རྗེ་བཙུན་མ་རྣམ་པ། མཁན་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པ། ཨུཏར་ཁནྜའི་མངའ་སྡེའི་བློན་ཆེན་སྐུ་ཞབས་སཏྤལ་ཇི་མ་ཧཱ་རཱཇ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་ལས་ཟུར་རྣམ་པ། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་སྐུ་ཞབས་བློ་བཟང་སྦྱིན་པ་ལགས། རྒྱལ་ཡུམ་ཆེན་མོ་མཆོག་དང་བདག་མོ་རྣམ་པ། གཞན་ཡང་དགོན་སྡེ་ཁག་དང་། ཚོགས་པ་ཁག་གི་སྐུ་ཚབ་དང་གནད་ཡོད་སྐུ་མགྲོན་རྣམ་པ། འདིར་འདུས་སེར་སྐྱ་མང་ཚོགས་ཡོངས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། སྒེར་ངོས་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།དེ་ཡང་བོད་གངས་ཅན་ལྗོངས་སུ་སངས་རྒྱས་ཀྱི་བསྟན་པ་བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་དུས་དབུ་བརྙེས། བཙན་པོ་སྲོང་བཙན་དུས་སྲོལ་གཏོད། བཙན་པོ་ཁྲི་སྲོང་ལྡེའུ་བཙན་དུས་སུ་མཁན་སློབ་ཆོས་གསུམ་ཞལ་འཛོམས་ཤིང་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གསར་བཞེངས་མཛད་ཅིང་། བཀའ་དང་བསྟན་བཅོས་རྣམས་པཎྜི་ཏ་དང་ལོ་ཙཱ་བས་བོད་ཀྱི་སྐད་དུ་བསྒྱུར་ཅིང་། འཆད་ཉན། སྒོམ་སྒྲུབ་ཀྱིས་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་བཞིན་དར་རྒྱས་སུ་མཛད། ཕྱིས་སུ་དུས་འགྱུར་སྔ་ཕྱིའི་ནང་བོད་དུ་སངས་རྒྱས་ཀྱི་བསྟན་པར་ཉམས་ཆག་ཅི་ཆེར་བྱུང་ཡོད་ནའང་སངས་རྒྱས་ཀྱི་ཐུགས་རྗེ་དང་། འགྲོ་བའི་བསོད་ནམས། ནང་ཆོས་ཀྱི་ཆེ་བ་བཅས་ལ་བརྟེན་ད་བར་ལོ་ངོ་སྟོང་ཕྲག་བརྒལ་བའི་རིང་སངས་རྒྱས་ཀྱི་བསྟན་པ་འཛམ་གླིང་ཀུན་ཏུ་དར་ཁྱབ་བྱུང་བཞིན་ཡོད། དེ་དག་གི་ཆུ་མགོ་གངས་ལ་ཐུག་པ་བཞིན་གཙོ་བོ་མཁན་སློབ་ཆོས་གསུམ་གྱིས་རྨད་བྱུང་མཛད་འཕྲིན་དང་འབྲེལ་བ་ཆགས་ཡོད། དེ་ཡང་དཔལ་ས་སྐྱ་པ་ལྟ་བུར་མཚོན་ན་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ནང་བློན་དུ་གྱུར་པ་འཁོན་དཔའ་བོ་ཆེ་དང་། མཁན་ཆེན་ཞི་བ་འཚོ་ལས་རབ་ཏུ་བྱུང་ཞིང་སད་མི་བདུན་གྱི་ནང་གི་ལོ་ཙཱ་བ་འཁོན་ཀླུ་དབང་སྲུང་། སློབ་དཔོན་པདྨའི་དངོས་སློབ་འཁོན་རྡོ་རྗེ་རིན་ཆེན་བཅས་དཔལ་ས་སྐྱ་པའི་ཡབ་མེས་རིམ་བྱོན་རྣམ་པ་མཁན་སློབ་ཆོས་གསུམ་དང་དམིགས་བསལ་འབྲེལ་བ་ཡོད་པའི་གདུང་བརྒྱུད་གང་ན་མེད་པ་ཞིག་ཆགས་ཡོད་པ་མ་ཟད་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཐད་མཛད་རྗེས་ཧ་ཅང་ཆེ་བ་བསྐྱངས་ཡོད།ཧོར་སོག་གི་དམག་དཔུང་བོད་དུ་སླེབས་སྐབས། དཔལ་ས་སྐྱ་པའི་ཆོས་བརྒྱུད་ཀྱིས་ཧོར་སོག་གིས་དྲག་ཤུགས་ཆོས་ཀྱིས་བཏུལ་བར་བྱས་ཏེ། བཙན་པོའི་རྒྱལ་བརྒྱུད་མངའ་ཐང་མཇུག་རྫོགས་ཤིང་ལོ་ངོ་བཞི་བརྒྱ་ལྷག་རིང་བོད་སིལ་བུར་གནས་པ་རྣམས་སླར་ཡང་བོད་ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་ནས་བོད་ཀྱི་མངའ་ཐང་རྒྱས་ཤིང་མི་མང་བདེ་ལ་བཀོད་ཐུབ་པ་བྱུང་བ་མ་ཟད། ཆེན་པོ་ཧོར་གྱི་རྒྱལ་བརྒྱུད་རྣམས་རྒྱལ་བསྟན་རིན་པོ་ཆེར་དད་གུས་དང་། བོད་སོག་གཉིས་དབར་མཆོད་ཡོན་གྱི་འབྲེལ་བ་བཙུགས་ནས། འགྲོ་མགོན་ཆོས་རྒྱལ་འཕགས་པ་མཆོག་ཧོར་གྱི་རྒྱལ་པོའི་དབུ་བླ་གནང་བ་སོགས་མཛད་འཕྲིན་རླབས་ཆེན་བསྐྱངས་གནང་ཡོད་པ་ལོ་རྒྱུས་དེབ་ཐེར་ཁག་ནང་གསལ་ཡོད།༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ནི་འོད་གསལ་ལྷ། དྲི་མེད་འཁོན། དཔལ་ལྡན་ས་སྐྱ། ཞེས་མཚན་མཆོག་གསུམ་དང་ལྡན་པའི་གདུང་བརྒྱུད་རིན་པོ་ཆེ་སྲིད་གསུམ་མཚུངས་ཟླ་མ་མཆིས་པ་གང་ཉིད་ལས་གདུལ་བྱའི་རྣམ་དཀར་བསོད་ནམས་ཀྱི་འབྲས་བུ་དུས་སུ་སྨིན་ཅིང་ཡབ་འཁོན་རིགས་བདག་ཉིད་ཆེན་པོ་ཀུན་དགའ་རིན་ཆེན་དང་། ཡུམ་བསོད་ནམས་སྒྲོལ་དཀར་ཞེས་བྱ་བ་གཉིས་ཀྱི་སྲས་སུ་རབ་བྱུང་ ༡༦ པའི་ཤིང་བྱ་ཕྱི་ལོ་ ༡༩༤༥ ལོར་ངོ་མཚར་རྨད་དུ་བྱུང་བའི་མཚན་ལྟས་བཟང་པོ་དུ་མ་དང་བཅས་སྐུ་འཁྲུངས་ཤིང་། ད་ཆ་དགུང་གྲངས་བརྒྱད་ཅུ་འཁོར་བའི་དཔལ་ལྡན་བླ་མ། འགྲོ་བའི་མགོན་པོ། སྲིད་གསུམ་མུན་སེལ། ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་ཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོ་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་ཡོངས་གྲགས་སུ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་གྱ་སྟོན་སྲུང་བརྩི་ཞུ་བའི་ཉིན་མོ་གལ་ཆེ་ཞིག་ཡིན་པས་མགོན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་རྗེས་སུ་དྲན་བཞིན་གུས་ཕྱག་སྔོན་དུ་ཕུལ་ཏེ་དགའ་དད་སྤྲོ་གསུམ་གྱི་ངང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།གང་ཉིད་སྐུ་ན་གཞོན་ནུའི་དུས་ནས་མཛད་སྤྱོད་བྱིས་པ་གཞན་དང་མི་འདྲ་བའི་གཤིས་བརྒྱུད་བཟང་ཤིང་སྔོན་གནས་རྗེས་དྲན་གྱི་སྐྱེ་བུ་དམ་པའི་རང་རྟགས་དུ་མ་མངའ་བ་དང་། ཡབ་རྗེ་ཀུན་དགའ་རིན་ཆེན་དང་། ངོར་མཁན་ཆེན་ངག་དབང་གཞན་ཕན་སྙིང་པོ། བླ་མ་ངག་བློ་རིན་པོ་ཆེ་སོགས་ཀྱི་ཞལ་སྔ་ནས་ཡི་གེ་འབྲི་ཀློག་དང་ས་སྐྱའི་ཐུན་མིན་གྱི་ཆོས་བཀའ་རྣམས་ལ་གསན་བསམ་སྦྱངས་པའི་ཚུལ་མཛད། དེ་རྗེས་དཔལ་ལྡན་ས་སྐྱ་པའི་༸གོང་མ་ཁྲི་འཛིན་གྱི་གསེར་ཁྲིར་མངའ་གསོལ་ཞུས། དུས་ཚོད་དེར་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་ཧ་ཅང་ཛ་དྲག་དང་དཀའ་ངལ་ཅན་དུ་འགྱུར་བཞིན། མཐར་༸གངས་ལྗོངས་ཆོས་སྲིད་ལུགས་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང་ཞིང་། དེ་རྗེས་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་སྟོན་འཁོར་རྣམས་བཙན་བྱོལ་དུ་ཕེབས་འབྱོར་བྱུང་།སྐྱེ་བུ་དམ་པའི་མཛད་སྤྱོད་ནི་གླང་ཆེན་གྱི་མིག་གི་ལྟ་སྟངས་བཞིན་རང་བཞིན་དྲང་ཞིང་མཐོ་དམན་མི་འགྱུར་བ་ལྟར་ཆོས་བཞིན་དུ་མཛད་སྤྱོད་བདག་གིར་བཞེས་ཏེ་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མཆོག་དང་། བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ་ལེགས་བཤད་རྒྱ་མཚོ། མཁན་པོ་ཨ་པད། མཁན་པོ་རིན་ཆེན་སོགས་དགེ་བའི་བཤེས་གཉེན་མང་དུ་བསྟེན་ནས་ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཤེས་བྱའི་གནས་སྤྱི་དང་། བྱེ་བྲག་དཔལ་ས་སྐྱའི་ཆོས་བརྒྱུད་ཀྱི་ལམ་འབྲས་སློབ་བཤད་དང་ཚོགས་བཤད་སོགས་དབང་ལུང་གདམས་ཁྲིད་མཐའ་དག་ལ་མངའ་དབང་འབྱོར་ཞིང་གཞན་དྲིང་མི་འཇོག་པའི་མཁྱེན་པ་མངའ་ཤིང་ས་སྐྱའི་ཆོས་བརྒྱུད་ཀྱི་ཕྱག་སྲོལ་ཆ་ལག་ཚང་བའི་དགོན་པ་དང་སློབ་གཉེར་ཁང་སོགས་གསར་འཛུགས་མཛད་དེ། ད་ཆ་དཔལ་ས་སྐྱ་པའི་ཆོས་བརྒྱུད་དེ་བཞིན་མི་ཉམས་གོང་འཕེལ་གྱིས་འཛམ་གླིང་ཐོག་འགྲན་ཟླ་བྲལ་བའི་ཉི་ཟེར་ཕོགས་ཐུབ་པ་བྱུང་ཡོད་པ་དེས་རང་རེའི་སྤྱི་ཚོགས་ཙམ་དུ་མ་ཟད་གླིང་ཆེན་མང་པོའི་སྐྱེ་འགྲོ་ཀུན་ལ་ཕན་ཐོགས་ཆེན་པོ་ཡོང་བཞིན་པ་མངོན་སུམ་དུ་གྱུར་ཡོད།ཕན་བདེ་མ་ལུས་པའི་འབྱུང་གནས་རྒྱལ་བའི་བསྟན་པ་རིན་པོ་ཆེའི་ཟབ་ཁྱད་དང་ཉམས་ལེན་གནང་ཕྱོགས་གཞན་དང་མི་འདྲ་སྟེ། ལོ་ངོ་བརྒྱ་ཕྲག་མང་པོའི་སྔོན་ནས་ཕྱི་རོལ་པའི་ལྟ་གྲུབ་རྟག་པ་དང་བྱེད་པོ་འདོད་ཅིང་དཀའ་ཐུབ་ཅི་རིགས་བསྟེན་པ་སོགས་བྱུང་ཡོད་ཀྱང་། དེ་དག་སུས་ཀྱང་མ་གསུངས་ཤིང་མ་གྲགས་པ་སྟོན་པ་ཐུབ་པའི་དབང་པོ་འཇིག་རྟེན་འདིར་བྱོན་པ་དང་། ཟབ་ཞི་སྤྲོས་པ་ཀུན་དང་བྲལ་བའི་བདུད་རྩི་ལྟ་བུའི་རྟེན་འབྲེལ་གྱི་ཆོས་ཚུལ་ཇི་སྙེད་གསུངས་པ་ཐམས་ཅད་ལུང་རྟོགས་ཀྱི་བསྟན་པ་གཉིས་སུ་ངེས་ཤིང་དེ་བཤད་སྒྲུབ་ཟུང་འབྲེལ་གྱིས་ཉམས་ལེན་བྱ་དགོས་ཏེ། སློབ་དཔོན་དབྱིགས་གཉེན་ཞབས་ཀྱིས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་པ། །སྒྲུབ་པ་བྱེད་པ་ཁོ་ན་འོ། །ཞེས་གསུངས་པ་བཞིན་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་འདི་ཉིད་བཤད་སྒྲུབ་ཟུང་འབྲེལ་གྱིས་འཛིན་སྐྱོང་སྤེལ་གསུམ་གནང་དགོས་པ་གང་ཉིད་ཀྱི་ཐུགས་ལ་འཆང་ནས་བཤད་གྲྭ་དང་སྒྲུབ་གྲྭའི་སྡེ་བཙུགས་ཤིང་། དེ་བཞིན་འཛམ་གླིང་ཤར་ནུབ་མང་པོར་ཞབས་བཅག་མཛད་དེ་གདུལ་བྱ་དུ་མར་དབང་ལུང་གདམས་ཁྲིད་མང་དུ་གནང་ཞིང་། དཔལ་ཆེན་རྡོ་རྗེ་ཕུར་པ་དང་། དཔལ་དགྱེས་པ་རྡོ་རྗེ། དཔལ་འཁོར་ལོ་བདེ་མཆོག་ལ་སོགས་པའི་ཕྱག་ལེན་རྣམས་མ་ཚང་བ་མེད་པ་ཚང་ཤིང་ཡིད་དུ་འོང་བའི་གཞུང་ལུགས་རྒྱུད་སྡེའི་དགོངས་དོན་བཞིན་སྒྲུབ་མཆོད་འཛུགས་པ་སོགས་མདོར་ན་བཤད་སྒྲུབ་ཟུང་འབྲེལ་གྱིས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཡངས་པའི་སའི་ཁྱོན་འདིར་དར་བ་མཛད་གནང་ཡོད།དུས་ཚོད་ཀྱི་འགྱུར་འགྲོས་ལ་གཞིགས་ཏེ། བདེ་བར་གཤེགས་པ་༸སྐྱབས་མགོན་བདག་ཆེན་རིན་པོ་ཆེ་དང་ནང་མོལ་བཀའ་བསྡུར་ལྷུག་པོར་གནང་སྟེ་འབྱུང་འགྱུར་དཔལ་ས་སྐྱའི་ཕོ་བྲང་རྣམ་པའི་གདུང་སྲས་རྣམས་༸གོང་མ་ཁྲི་འཛིན་ཕེབས་ཕྱོགས་ལམ་ལུགས་ལ་ལེགས་བཅོས་མཛད་ཅིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་སེང་ཞུས་ཏེ་དགོངས་བཞེས་ཧ་ཅང་ལེགས་པའི་བསྔགས་བརྗོད་མཛད་ཡོད། དེ་ལྟར་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོའི་དགོངས་གཞི་དང་མཛད་པ་འདི་ནི་དཔལ་ས་སྐྱའི་བསྟན་པར་བཀའ་དྲིན་ཆེ་བའི་རླབས་ཆེན་གྱི་མཛད་རྗེས་ཤིག་ཆགས་ཡོད། དེ་བཞིན་དཔལ་ས་སྐྱ་པ་ཆེན་པོ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། གང་གི་འཁོན་གདུང་རིགས་སྲས་རྣམ་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་ཕྲིན་ལ་དབུ་འོག་དཔུང་འདེགས་ཀྱིས་ཞབས་ཏོག་སྒྲུབ་ཅིང་། བོད་དང་བོད་མི་རྣམས་ཀྱི་ལས་དབང་ཧ་ཅང་གཉན་འཕྲང་ཆེ་བའི་དུས་ཚོད་ཞིག་ཏུ་གྱུར་བའི་སྐབས་འདིར་བོད་ཀྱི་ཆོས་བརྒྱུད་ནང་ཕན་ཚུན་ཐུགས་སྣང་གཤིན་ཅིང་དམ་ཚིག་འོ་ཆུ་གཅིག་འདྲེས་ཡོང་ཐབས་མཛད་བཞིན་པ་ཙམ་མ་ཟད་དངོས་སུ་ཕྱག་བསྟར་གནང་ཞིང་། དེ་བཞིན་ཆོལ་གསུམ་བོད་མི་ཡོངས་རྫོགས་མཐུན་བསྒྲིལ་དང་། བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་རྣམས་མི་ཉམས་རྒྱུན་འཛིན་བྱ་དགོས་པའི་བླང་དོར་གྱི་བཀའ་སློབ་ལམ་སྟོན་གནང་དང་གནང་བཞིན་པ་བཅས་ནི་བཀའ་དྲིན་ཆེན་པོ་སྐྱོང་བ་ཞིག་ཆགས་ཡོད།དེ་ལྟར་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་གང་ཉིད་སྐུ་ན་ཕྲ་མོའི་དུས་ནས་ད་ལྟ་བར་དབུག་འབྱིན་རྔུབ་ཚུན་ཆད་བསྟན་འགྲོ་སྤྱི་དང་། བྱེ་བྲག་དཔལ་ས་སྐྱ་པའི་ཆོས་བརྒྱུད། སྒོས་སུ་བོད་མི་ཡོངས་ལ་བཀའ་དྲིན་བསམ་མི་ཁྱབ་པ་བསྐྱངས་དང་སྐྱོང་བཞིན་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན།རྗེས་འཇུག་སློབ་འབངས་དང་འཁོར་ཚོགས་རྣམ་པས་གང་ཉིད་ཀྱི་དགོང་གཞི་དང་མཛད་སྤྱོད་ལ་གཞི་བྱས་ནས་ཞབས་ཏོག་སྒྲུབ་དགོས་པ་ནི་བླ་མ་ཐུགས་མཉེས་པའི་རྒྱུ་ཁོ་ན་ཡིན། འཇུ་མི་ཕམ་པས། གསེར་དང་བང་བ་མཉམ་པའི་འཕགས་མཆོག་ལ། །གླིང་བཞི་ཕུན་ཚོགས་སྟབས་ཀྱང་ཅི་བགྱི་སྟེ། །དེའི་ཐུགས་ལ་བརྣགས་པའི་ཆོས་བཟུང་ན། །དགོངས་པ་ཡོངས་སུ་རྫོགས་པ་འགྱུར་ཞེས་གྲགས། ། ཞེས་གསུངས་པ་བཞིན་དེང་སང་དུས་འདིར་སྤྱི་ཚོགས་ཟ་ངེ་ཟིང་ངེ་ཆེ་ནའང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ལ་ཐོས་བསམ་སྒོམ་སྒྲུབ་གནང་ཞིང་བླ་མའི་བཀའ་དྲིན་གསབ་ཐབས་ཞུ་དགོས། སྔོན་བྱོན་དམ་པའི་རྣམ་ཐར་རྗེས་འཇུག་གདུལ་བྱའི་ཉམས་ལེན་ཞེས་བཤད་སྲོལ་ཡོད་པ་བཞིན། འཇིག་རྟེན་འདིའི་བླང་དོར་ཙམ་མ་ཟད་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་བྱ་བ་ལའང་རིག་པའི་གནས་རྣམས་ཤེས་དགོས་ཏེ། མདོ་སྡེ་རྒྱན་ལས། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །དེ་ལྟ་བས་ན་གཞན་དག་ཚར་གཅོད་རྗེས་བཟུང་དང་། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེར་བརྩོན་བྱ། །ཞེས་དང་། ས་སྐྱ་པཎྜི་ཏས། རིག་པ་ནང་པར་འཆི་ཡང་བསླབ། །ཚེ་འདིར་མཁས་པར་མ་གྱུར་ཀྱང་། །སྐྱེ་བ་ཕྱི་མར་བཅོལ་བ་ཡི། །ནོར་ལ་རང་ཉིད་ལེན་དང་མཚུངས། །ཞེས་གསུངས་པ་བཞིན་བཅུ་ཕྲག་རིག་པའི་གནས་རྣམས་དང་། དེང་གི་ཤེས་བྱ་རྣམས་ལ་སྦྱང་བརྩོན་མི་ལྷོད་པ་གནང་སྟེ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་མི་ཉམས་གོང་འཕེལ་དང་། ཉམས་པ་སོར་ཆུད་ཡོང་ཐབས་གནང་དགོས་པ་དང་། འཛམ་གླིང་གོ་ལའི་ཁྱིམ་ཚང་འདིར་མི་ཡི་འགྲོ་བ་རྣམས་ཞི་བདེ་དང་བག་ཕེབས་པའི་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐབས་སུ་ནང་ཆོས་ནས་འབྱུང་བའི་བྱམས་པ་དང་བརྩེ་བ། འཚེ་བ་མེད་པའི་ལྟ་གྲུབ་འདི་དར་ཁྱབ་གནང་དགོས་པ་གལ་ཆེ་བས་ཞར་བྱུང་དུ་གསལ་འདེབས་ཞུ་རྒྱུ་ཡིན།
མཐའ་དོན། བོད་མི་རིགས་དང་༸རྒྱལ་བསྟན་ཆགས་འཇིག་གི་དུས་ཚོད་གཉན་ཕྲང་ཆེ་བའི་སྙིགས་དུས་འདིར། བོད་མིའི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པ་དང་། དེ་བཞིན་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་༸སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་མཛད་འཕྲིན་ཡར་ངོའི་ཟླ་ལྟར་རྒྱས་ཤིང་། བོད་གཞིས་བྱེས་མཉམ་འཛོམས་དགའ་སྐྱིད་ཀྱི་ཉི་མ་མགྱོགས་ནས་མྱུར་དུ་འཆར་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། ཞེས་གསུངས།གཞན་ཡང་མཛད་སྒོའི་ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་སྒྲོགས་སྦྱང་དང་། ༧སྐྱབས་མགོན་ས་སྐྱ་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ༧སྐྱབས་མགོན་གོང་མ་ཁྲི་འཛིན་ ༤༣ ཛྙ་ན་བཛྲ་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱིས་བཀའ་སློབ་སྩལ་བ། ༧སྐྱབས་རྗེ་དགའ་ལྡན་ཁྲི་ཐོག་ ༡༠༤ པ་མཆོག་དང་། རྒྱ་གར་དབུས་དང་མངའ་སྡེ་ཁག་གི་ཆེས་མཐོའི་དཔོན་རིགས་ཁག་གི་འཚམས་འཕྲིན་བཅས་སྙན་སྒྲོན། སྐུ་མགྲོན་གཙོ་བོ་ཨུ་ཏྟར་ཁཎྜའི་མངའ་སྡེའི་སྤྱི་ལས་བདེ་ཁག་དང་། རིག་གཞུང་། ཡུལ་སྐོར་སྤྲོ་འཆམ་བློན་ཆེན་སཏྤལ་ ཇི་ མཧཱ་རཱཇ་ (Shri Satpal Ji Maharaj) མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་བཅས་ནས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་སོང་བ་བཅས། །