༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ པའི་ཚེས་ ༡༧ ཉིན་རྒྱ་གར་འབྲས་ལྗོངས་སུ་རྟེན་གཞི་བྱས་པའི་གདན་ས་༸དཔལ་ཆེན་ཆོས་གླིང་དུ་༸སྐྱབས་མགོན་རྒྱལ་བའི་༸རྒྱལ་ཚབ་སྐུ་ཕྲེང་དང་པོ་༸དྲུང་གཽ་ཤྲཱི་དཔལ་འབྱོར་དོན་གྲུབ་སྐུ་བལྟམས་ནས་མི་ལོ་ ༦༠༠ འཁོར་བའི་དུས་ཆེན་མཛད་སྒོ་ཞིག་ཚོགས་གནང་སོང་།
དེ་ཡང་མཛད་སྒོའི་ཐོག་༸སྐྱབས་མགོན་གཽ་ཤྲཱི་༸རྒྱལ་ཚབ་སྐུ་ཕྲེང་བཅུ་གཉིས་པ་ཆེན་པོ་མཆོག་དང་། ༸སྐྱབས་རྗེ་གར་དབང་རིན་པོ་ཆེ་མཆོག ༸སྐྱབས་རྗེ་འབོ་དཀར་རིན་པོ་ཆེ་མཆོག ༧སྐྱབས་རྗེ་དགོན་བྱང་རིན་པོ་ཆེ་མཆོག འབྲུག་རྒྱལ་ཁབ་ཀྱི་ཆོས་ཀྱི་༧སྐྱབས་རྗེ་མཁན་རིན་པོ་ཆེའི་སྐུ་ཚབ་བཅས་ཀྱིས་དབུས་པའི་མཁན་སྤྲུལ་རྣམ་པ་དང་། སྐུ་མགྲོན་གཙོ་བོ་རྒྱ་གར་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་སྐུ་ཚབ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་མིག་དམར་ནོར་བུ་ཤར་པ་ (Shri Mingma Narbu Sherpa) མཆོག གཞན་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པེ་རམ་སིངྒ་ རྟ་མང་ གྷོ་ལེ་ (Shri. Prem Singh Tamang) མཆོག་གི་སྐུ་ཟླ་ལྕམ་སྐུ་ཀེར་ཤི་ནཱ་ ཀུ་མ་རི་ རཡེ་ (Smt Krishna Kumari Rai) མཆོག འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཞོན་དང་འཐུས་མི་ཁག་ཅིག བོད་མི་མང་སྤྱི་འཐུས་རྒྱུན་ལས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས། སྤྱི་འཐུས་རྒྱུན་ལས་བསྟན་པ་ཡར་འཕེལ་ལགས། སྤྱི་འཐུས་རྒྱུན་ལས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས། སྤྱི་འཐུས་རྒྱུན་ལས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས། སྤྱི་འཐུས་རྒྱུན་ལས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་ལགས། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། སྤྱི་འཐུས་ཀུན་དགའ་བསོད་སྟོབས་ལགས། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་དྲུང་ཆེ་བློ་བཟང་སྦྱིན་པ་ལགས། ཆོས་རིག་དྲུང་ཆེ་བདུན་འདུལ་རྡོ་རྗེ་ལགས། བྱང་ཤར་སྤྱི་ཁྱབ་པ། ར་ཝང་ལ་ས་གནས་འགོ་འཛིན། སྒང་ཏོག་ས་གནས་འགོ་འཛིན། དེ་བཞིན་ཕྱི་ནང་གི་སྐུ་མགྲོན་རྣམ་པ་དང་ས་གནས་སེར་སྐྱ་མི་མང་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་གནང་ཡོད།མཛད་སྒོའི་ཐོག་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། བཀའ་བརྒྱུད་པའི་གདན་ས་ཆེན་མོ་མཚུར་ཕུའི་རྒྱལ་ཚབ་སྐུ་ཕྲེང་དང་པོ་བྱང་སེམས་དཔལ་འབྱོར་དོན་གྲུབ་མཆོག་རབ་བྱུང་བདུན་པའི་ཤིང་འབྲུག་ལོ་སྟེ། ཕྱི་ལོ་ ༡༤༢༤ ལོར་སྐུ་འཁྲུངས་ནས་མི་ལོ་དྲུག་བརྒྱ་འཁོར་བར་རྗེས་དྲན་གྱི་དུས་སྟོན་འདིའི་ཐོག་གདན་འཛོམས་པའི་སྐྱབས་རྗེ་༸རྒྱལ་ཚབ་སྐུ་ཕྲེང་བཅུ་གཉིས་པ་ཀརྨ་གྲགས་པ་མི་འགྱུར་གོ་ཆ་རིན་པོ་ཆེ་མཆོག་གིས་དབུས། མཁན་བླ་དགེ་འདུན་འདུས་མང་དང༌། སྐུ་མགྲོན་རྣམ་པ། མང་ཚོགས་བཅས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།ཀརྨ་ཀཾ་ཚང་གི་རྒྱལ་བ་ཡབ་སྲས་བདུན་གྱི་ཡ་གྱལ་དྲུང་པ་རྒྱལ་ཚབ་རིན་པོ་ཆེ་སྐུ་ཕྲེང་དང་པོ་ནས་བཅུ་གཉིས་བར་གྱི་མི་ལོ་དྲུག་བརྒྱའི་དུས་ཡུན་ནི། བསྟན་འགྲོའི་དོན་རླབས་ཆེན་བསྒྲུབས་པའི་ལོ་རྒྱུས་ཀྱི་ཕྲེང་བ་བསྟར་ཆགས་སུ་བསྒྲིགས་དང་སྒྲིག་བཞིན་པའི་རྣམ་ཐར་ཡིན་ཞིང་། རྒྱལ་ཚབ་སྐུ་ཕྲེང་དང་པོ་དྲུང་པ་བྱང་སེམས་དཔལ་འབྱོར་དོན་གྲུབ་མཆོག་གིས་མཁས་གྲུབ་གཉིས་ལྡན་གྱི་བླ་མ་མང་པོ་བསྟེན་ནས་གསར་རྙིང་གི་ཆོས་ཐམས་ཅད་མ་ལུས་པ་གསན་སྦྱོང་མཛད་པས། སྐབས་དེར་གངས་ཅན་གྱི་ལྗོངས་སུ་དོན་གྱི་ཆ་ནས་དབང་ལུང་མན་ངག་གི་བདག་པོ་ཆགས་པའི་གྲགས་པ་འབར་ཞིང་། ཕྱི་ལོ་ ༡༤༥༢ ལོར་རྒྱལ་བ་༧ཀརྨ་པ་སྐུ་ཕྲེང་དྲུག་པ་མཐོང་བ་དོན་ལྡན་མཆོག་ཞི་བར་གཤེགས་ཁར། དྲུང་པ་རིན་པོ་ཆེ་ལ་ཞལ་ཆེམས་བཀའ་རྒྱ་བཅུ་གསུམ་དང་བཅས་པ་བསྩལ་ཏེ། རྒྱལ་ཚབ་ཏུ་དབང་བསྐུར་ནས་སྒར་གྱི་འཛིན་སྐྱོང་གནང་ཞིང༌། སྐུ་གོང་མའི་ཞལ་ཆེམས་གཞིར་བཟུང་རྒྱལ་བ་༧ཀརྨ་པ་སྐུ་ཕྲེང་བདུན་པའི་ཡང་སྲིད་ངོས་འཛིན་གདན་ཞུ་དང་། ལས་ཀྱི་སློབ་དཔོན་མཛད་དེ་རབ་བྱུང་གི་སྡོམ་པ་འབོགས་ཆོག་དང་མཚན་གསོལ་བ་ནས་རིམ་བཞིན་བསྙེན་པར་རྫོགས་ཤིང་། དགུང་ལོ་སུམ་ཅུ་སོ་གཅིག་མ་བཞེས་བར་དུ་ ༸ཀརྨ་པ་ཆོས་གྲགས་རྒྱ་མཚོ་མཆོག་ལ་ལུས་དང་གྲིབ་མ་བཞིན་འགྲོགས་ནས། དུས་དང་རྣམ་པ་ཀུན་ཏུ་གསུང་ཆོས་འབུལ་ བར་མཛད་པས་མཚོན། བསྟན་པ་འཛིན་པའི་བུ་སློབ་གྲགས་ཅན་བརྒྱ་ཕྲག་མང་པོ་བསྐྱངས་ཤིང་། བཀའ་འབུམ་པོད་བཅོ་ བརྒྱད་ཅན་ཞིག་བཞུགས་པར་གྲགས་པ་སོགས་ཆོས་སྲིད་ཀྱི་མཛད་འཕྲིན་རྒྱ་ཆེར་བསྐྱངས་ཡོད།རྒྱལ་ཚབ་སྐུ་ཕྲེང་རིམ་བྱོན་གྱི་མཛད་འཕྲིན་གླེང་སྐབས། ཡོངས་གྲགས་ཀྱི་ངག་སྒྲོས་ལ། འཕྲིན་ལས་ཀྱི་ཆ་ནས་རྒྱལ་ཚབ་སྐུ་ཕྲེང་དང་པོ་གོ་ཤྲི་དཔལ་འབྱོར་དོན་གྲུབ་དང་། མཁས་པའི་ཆ་ནས་རྒྱལ་ཚབ་སྐུ་ཕྲེང་བཞི་པ་གྲགས་པ་དོན་གྲུབ། ཐབས་ལ་མཁས་པའི་ཆ་ནས་རྒྱལ་ཚབ་སྐུ་ཕྲེང་ལྔ་པ་གྲགས་པ་མཆོག་དབྱངས་ཞེས་གསུང་སྲོལ་ཡོད་པ་དང༌། རྒྱལ་ཚབ་སྐུ་ཕྲེང་བཞི་པ་ནི། རིག་པའི་གནས་བཅུའི་ཐད་སྐབས་དེར་བཀའ་བརྒྱུད་པའི་མཁས་པ་ཀུན་གྱི་ཡང་རྩེར་བགྲངས་པར་མ་ཟད། བོད་དུ་སྙན་གྲགས་ཆོད་པའི་ཀརྨའི་སྒར་བྲིས་སམ། སྒར་ལུགས་ལྷ་བྲིས་ཀྱི་སྲོལ་གཏོད་མཁན་ཡང་རྒྱལ་ཚབ་གྲགས་པ་དོན་གྲུབ་ཡིན་པར་འདོད་ཅིང་། དུས་རབས་བཅུ་བདུན་པའི་ནང་། སོག་དམག་གིས་དབུས་གཙང་དུ་དཔུང་འཇུག་གིས་ཀརྨའི་སྒར་ཆེན་གྱིས་མཚོན་པའི་དགོན་པ་བརྒྱ་ལྷག་གཏོར་བཅོམ་དང་། རྒྱལ་བ་༸ཀརྨ་པ་སྐུ་ཕྲེང་བཅུ་པ་འཇང་ཡུལ་དུ་ཉེན་གཡོལ་དུ་ཕེབས་དགོས་བྱུང་བའི་ཛ་དྲག་གི་གནས་སྐབས་དེར། ༸གོང་ས་ལྔ་པ་ཆེན་པོས་གངས་ལྗོངས་ཆོས་སྲིད་ཀྱི་མངའ་དབང་བདག་གིར་བཞེས་མ་ཐག་ཏུ། གོ་ཤྲི་ཁང་དང་སྡེ་སྲིད་ལ། བསྟན་དོན་ལ་རྒྱར་མི་བཏུབ་པ་དང་། ཚུར་རྒོལ་གྱི་ཞབས་འདྲེན་མ་བྱུང་ཕྱིན། གྲུབ་མཐའ་མཐའ་དག་རང་འཇགས་སུ་བཞག་ན་རང་གཞན་ཚང་མར་སླེབས་ཆེ་ཞེས་བཀའ་སློབ་ལྗིད་ནན་བསྩལ་ཅིང་། མཚུར་ཕུ་སོགས་ཀཾ་ཚང་གི་ཆོས་སྡེ་ཉེར་གཅིག་ཙམ་༸གོང་ས་ཆེན་པོར་ཐུགས་འདྲིས་ཡོད་པའི་རྒྱལ་ཚབ་གྲགས་པ་མཆོག་དབྱངས་ལ་གཏད་དེ་འཛིན་སྐྱོང་མཛད་པས། བཀའ་བརྒྱུད་པའི་ཆོས་བརྒྱུད་འདི་ཡུན་གནས་དར་འཕེལ་གྱི་འགོག་རྐྱེན་མཐའ་དག་གཙང་སེལ་ཐུབ་པ་བྱུང་ཡོད།ད་ལྟ་འཚོ་ཞིང་གཞེས་པའི་སྐྱབས་རྗེ་༸རྒྱལ་ཚབ་རིན་པོ་ཆེ་མཆོག་གིས་རྒྱལ་བ་༧ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་དང་། སྐུ་ཕྲེང་བཅུ་བདུན་པ་རྣམ་གཉིས་ལ་སྲི་ཞུ་ཞབས་འདེགས་གནད་སྨིན་བསྒྲུབས་དང་སྒྲུབ་བཞིན་པ་མ་ཟད། བྱེས་ཀྱི་གདན་ས་མཚུར་ཕུ་དགོན་མ་ལག་དང་བཅས་པའི་འཛིན་སྐྱོང་དང་། སློབ་གཉེར་ཐོག་མིང་དོན་མཚུངས་པའི་རྒྱལ་ཚབ་ཀྱི་ཐུགས་འགན་རྐང་བཞེས་གནང་ཡོད་ལ། གདན་ས་ར་ལང་དཔལ་ཆེན་ཆོས་གླིང་དང༌། ར་ལང་སྒྲུབ་སྡེ་ཆོས་སྐུའི་འབྱུང་གནས་གསར་བཞེངས། བོད་དུ་སྔ་རྗེས་སུ་ཕེབས་ཏེ་གོང་མ་ན་རིམ་གྱི་གདན་ས་བསྐྱར་བཞེངས། ནུབ་ཕྱོགས་དང་། ལྷོ་ཤར་ཨེ་ཤི་ཡའི་ཁུལ་དུ་དད་ལྡན་ཁྲི་ཕྲག་མང་པོར་དབང་ལུང་བཀའ་ཆོས་ཀྱིས་ཚིམས་པར་མཛད་པ་སོགས་བསྟན་འགྲོའི་ཁུར་ཆེན་བདག་གིར་བཞེས་བཞིན་པ་ཀུན་གྱི་མཐོང་ལམ་དུ་མངོན་ཡོད་པ་དང༌། བོད་མིའི་སྒྲིག་འཛུགས་ནས་གདན་ཞུ་འབུལ་སྐབས་དང༌། གསོལ་འདེབས་ནམ་ཞུས་སྐབས། བསྟན་སྲིད་སྤྱིའི་ཞབས་རིམ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཕྱྭའི་ཞབས་རིམ་ཆེད་ཆིབས་ཕེབས་གནང་གི་ཡོད་པ་མ་ཟད། རིམ་གྲོ་རྣམས་སྐབས་འཕྲལ་དགོན་པ་གྲྭ་ཚང་སོ་སོར་སྨིན་སྒྲུབ་ཀྱི་གསུང་སྐུལ་དོ་ནན་མཛད་བཞིན་པ་ནི་བཀའ་དྲིན་ཤིན་ཏུ་ལྕི།མདོར་ན། རྒྱལ་ཚབ་སྐུ་ཕྲེང་རིམ་བྱོན་རྣམས་ཀྱིས་ལོ་ངོ་ ༦༠༠ རིང་གངས་ལྗོངས་བསྟན་སྲིད་སྤྱི་དང་། བྱེ་བྲག་ཏུ་བཀའ་བརྒྱུད་བསྟན་པ་ཡུན་གནས་ཡོང་ཐབས་དང༌། རྒྱལ་བ་༧ཀརྨ་པའི་མཛད་འཕྲིན་རྒྱས་ཐབས་ལ་སྐུ་ངལ་བསྐྱོན་པའི་ཕྱག་རྗེས་ལ་སྙིང་དབུས་ནས་རྗེས་སུ་ཡི་རང་ཞུ་བ་དང་ཆབས་ཅིག ༸རྒྱལ་ཚབ་རིན་པོ་ཆེ་སྐུ་ཕྲེང་བཅུ་གཉིས་པ་མཆོག་སྐུ་ཚེ་ཞབས་པད་བརྟན་ཅིང་མཛད་འཕྲིན་ཡར་ངོའི་ཟླ་ལྟར་རྒྱས་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་། མཛད་སྒོ་ལེགས་གྲུབ་རྗེས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འཕགས་ཡུལ་རྒྱ་གར་འབྲས་མོ་ལྗོངས་སུ་གནས་ཆགས་པའི་གཡུང་དྲུང་བོན་གྱི་དགོན་སྡེ་ཞུ་རི་ཞིང་གཡུང་དྲུང་ཀུན་གྲགས་དགོན་པར་གནས་གཟིགས་སུ་ཕེབས་ཡོད་པ་བཅས།།