༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ པའི་ཚེས་ ༡༧ ཉིན་རྒྱ་གར་འབྲས་ལྗོངས་སུ་རྟེན་གཞི་བྱས་པའི་གདན་ས་༸དཔལ་ཆེན་ཆོས་གླིང་དུ་༸སྐྱབས་མགོན་རྒྱལ་བའི་༸རྒྱལ་ཚབ་སྐུ་ཕྲེང་དང་པོ་༸དྲུང་གཽ་ཤྲཱི་དཔལ་འབྱོར་དོན་གྲུབ་སྐུ་བལྟམས་ནས་མི་ལོ་ ༦༠༠ འཁོར་བའི་དུས་ཆེན་མཛད་སྒོ་ཞིག་ཚོགས་གནང་སོང་།
སྐབས་དེའི་མཛད་སྒོའི་ཐོག་༸སྐྱབས་མགོན་གཽ་ཤྲཱི་༸རྒྱལ་ཚབ་སྐུ་ཕྲེང་བཅུ་གཉིས་པ་ཆེན་པོ་མཆོག་དང་། ༸སྐྱབས་རྗེ་གར་དབང་རིན་པོོ་ཆེ་མཆོག ༸སྐྱབས་རྗེ་འབོ་དཀར་རིན་པོ་ཆེ་མཆོག ༧སྐྱབས་རྗེ་དགོན་བྱང་རིན་པོ་ཆེ་མཆོག འབྲུག་རྒྱལ་ཁབ་ཀྱི་ཆོས་ཀྱི་༧སྐྱབས་རྗེ་མཁན་རིན་པོ་ཆེའི་སྐུ་ཚབ་བཅས་ཀྱིས་དབུས་པའི་མཁན་སྤྲུལ་རྣམ་པ་དང་། སྐུ་མགྲོན་གཙོ་བོ་རྒྱ་གར་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་སྐུ་ཚབ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་མིག་དམར་ནོར་བུ་ ཤར་པ་ (Shri Mingma Narbu Sherpa, Speaker of the Sikkim Legislative Assembly) མཆོག གཞན་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པེ་རམ་སིངྒ་ རྟ་མང་ གྷོ་ལེ་ (Shri. Prem Singh Tamang-Golay, Chief Minister of Sikkim) མཆོག་གི་སྐུ་ཟླ་ལྕམ་སྐུ་ཀེར་ཤི་ནཱ་ ཀུ་མ་རི་ རཡེ་ (Smt Krishna Kumari Rai) མཆོག འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཞོན་དང་འཐུས་མི་ཁག་ཅིག བོད་མི་མང་སྤྱི་འཐུས་རྒྱུན་ལས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས། སྤྱི་འཐུས་རྒྱུན་ལས་བསྟན་པ་ཡར་འཕེལ་ལགས། སྤྱི་འཐུས་རྒྱུན་ལས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས། སྤྱི་འཐུས་རྒྱུན་ལས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས། སྤྱི་འཐུས་རྒྱུན་ལས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་ལགས། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། སྤྱི་འཐུས་ཀུན་དགའ་བསོད་སྟོབས་ལགས། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་དྲུང་ཆེ་བློ་བཟང་སྦྱིན་པ་ལགས། ཆོས་རིག་དྲུང་ཆེ། ཕྱི་ནང་གི་སྐུ་མགྲོན་དང་། ས་གནས་སེར་སྐྱ་མི་མང་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་གནང་འདུག
མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་དོན། མཉན་པ་གྲུབ་ཆེན་ནས་༸རྒྱལ་ཚབ་སྐུ་ཕྲེང་དང་པོ་ལ་བསྟོད་ཕྱག་གསུངས་པས་མདུན་བསུས་ཏེ་མཛད་སྒོ་དང་འབྲེལ་བའི་གཏམ་བཤད་མདོར་བསྡུས་ཤིག་ཞུ་རྒྱུ་ཡིན། སེམས་ཅན་གྱི་སྐྱབས་མགོན་སྤྱན་རས་གཟིགས། །བཀའ་བརྒྱུད་ཀྱི་ཕྲིན་ལས་སྐྱོང་བ་པོ། །བྱང་སེམས་དཔལ་འབྱོར་དོན་གྲུབ་མཚན། །རྗེ་གུ་ཡི་གུང་པའི་ཞབས་ལ་འདུད། །ཅེས་བསྟོད་ཕྱག་སྔོན་དུ་ཕུལ་ནས། དེ་རིང་༸སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་སྐུ་ཕྲེང་དང་པོ་སྙེ་བོ་པ་ཆེན་པོ་གཽ་ཤྲཱི་དཔལ་འབྱོར་དོན་གྲུབ་སྐུ་བལྟམས་ནས་མི་ལོ་ ༦༠༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བའི་མཛད་སྒོར་གཽ་ཤྲཱི་༸རྒྱལ་ཚབ་སྐུ་ཕྲེང་བཅུ་གཉིས་པ་ཆེན་པོ་མཆོག་གིས་དབུས། ༸སྐྱབས་རྗེ་གར་དབང་རིན་པོ་ཆེ་དང་། འབོ་དཀར་རིན་པོ་ཆེ། དགོན་བྱང་རིན་པོ་ཆེ། མཁན་སྤྲུལ་རྣམ་པ། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས། འབྲུག་རྒྱལ་ཁབ་ཀྱི་ཆོས་ཀྱི་༸སྐྱབས་རྗེ་མཁན་པོའི་སྐུ་ཚབ་མཁན་པོ་རྟ་མགྲིན་སྲིད་ཐུབ་མཆོག སྐྱབས་ཡུལ་དགེ་འདུན་གྱི་སྡེ་རྣམས་དང་། འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་མིག་དམར་ནོར་བུ་ཤར་པ་མཆོག མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པེ་རམ་ སིངྒ་ རྟ་མང་མཆོག་གི་སྐུ་ཟླ་སཱ་དྷར་རྟ་མང་། མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཞོན་རཱ་ཀུ་མ་རི་ཐར་པཱ། དཔལ་ལྡན་སྲིད་སྐྱོང་མཆོག་དང་། བཀུར་འོས་སྤྱི་འཐུས་རྣམ་པ། གཞན་སྐུ་མགྲོན་ཁག་དང་མི་མང་ཡོངས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
དེ་རིང་མི་ལོ་དྲུག་བརྒྱའི་ནང་གི་ལོ་རྒྱུས་ཀྱི་བྱུང་རབས་དོན་སྙིང་ལྡན་ཞིང་། རྒྱལ་ཚབ་སྐུ་ཕྲེང་དང་པོ་ནས་བཅུ་གཉིས་པའི་བར་རིམ་པ་བསྟར་ཆགས་སུ་བྱོན་ཞིང་བསྟན་འགྲོ་སྤྱི་དང་། བྱེ་བྲག་བོད་གངས་ཅན་པའི་བསྟན་འགྲོ། སྒོས་སུ་སྒྲུབ་བརྒྱུད་ཀརྨ་ཀམ་ཚང་གི་བསྟན་པར་མཛད་རྗེས་རླབས་ཆེན་འཇོག་པའི་སྐྱེས་བུ་དམ་པ་གང་ཉིད་དང་དེའི་ཡོན་ཏན་དང་མཛད་རྗེས་རྣམས་རྗེས་དྲན་ཞུ་ཆེད་མཛད་སྒོ་འདི་ལྟ་བུའི་ལམ་ནས་བླ་མའི་མཛད་པ་དང་བཀའ་དྲིན་རྗེས་སུ་དྲན་ཞིང་། གདུལ་བྱ་རྣམས་ཆོས་ལ་བསྐུལ་བ་མཛད་པ་དང་། རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་བསྐྱངས་གནང་བར་མིག་དཔེ་བཟང་པོ་བསྟན་ཞིང་རྗེས་འཇུག་རྣམས་ལ་ཡིད་ཆེས་པའི་དད་པ་བསྐྲུན་པའི་དུས་ཚིགས་གལ་ཆེ་ཞིག་ཆགས་ཡོད།
སྤྱིར་མདོ་ནང་རྗེས་དྲན་དྲུག་གསུངས་པ་བཞིན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་བཤེས་པའི་སྤྲིང་ཡིག་ལས། རྒྱལ་བས་སངས་རྒྱས་ཆོས་དང་དགེ་འདུན་དང་། ། གཏོང་དང་ཚུལ་ཁྲིམས་ལྷ་རྗེས་དྲན་པ་དྲུག །རབ་ཏུ་བཀའ་སྩལ་དེ་དག་སོ་སོ་ཡི། །ཡོན་ཏན་ཚོགས་ཀྱིས་རྗེས་སུ་དྲན་པར་བགྱི། །ཞེས་གསུངས་པ་བཞིན་དེ་དག་ཉིན་རེ་བཞིན་དུ་རྟག་ཏུ་རྗེས་སུ་དྲན་པར་བྱ་དགོས་པ་དང་། དེ་དག་གི་ཡོན་ཏན་གྱི་ཚོགས་རྣམས་རྗེས་སུ་དྲན་པ་བྱ་ཞིང་ཡིད་ལ་ཉལ་དགོས་པའི་དོན་དུ་གསུངས་པ་བཞིན་གོང་གི་ལུང་དོན་དང་མཐུན་པ་བླ་མ་ནི་ཡོན་ཏན་སངས་རྒྱས་ཀུན་དང་མཉམ་ནའང་བཀའ་དྲིན་ནི་སངས་རྒྱས་ལས་ལྷག་པའི་རྩ་བའི་བླ་མ་དང་བརྒྱུད་པའི་བླ་མ་རྣམས་རྗེས་སུ་དྲན་ཞིང་། དེ་དག་གི་ཡོན་ཏན་རྣམས་ལ་རྗེས་སུ་བསླབ་ཞིང་རྗེས་སུ་འཇུག་ཅིང་རང་གི་རྒྱུད་ལ་ལུང་སྡེ་སྣོད་གསུམ་དང་། ལམ་བསླབ་པ་གསུམ་གྱིས་ཉམས་ལེན་གྱིས་རྒྱུད་སྨིན་པར་མཛད་པ་ནི་དོན་དམ་པའི་རྗེས་དྲན་ཞུ་བ་ཞིག་ལ་ངོས་འཛིན་ཞུ་ཆོག
དེ་ལྟར་༸སྐྱབས་མགོན་༸རྒྱལ་བའི་རྒྱལ་ཚབ་སྐུ་ཕྲེང་དང་པོ་དྲུང་གཽ་ཤྲཱི་༸དཔལ་འབྱོར་དོན་གྲུབ་མཆོག་སྐུ་བལྟམས་ནས་མི་ལོ་ ༦༠༠ འཁོར་བའི་སྐྱེས་བུ་དམ་པ་ཁོང་ནི། ཕྱི་ལོ་ ༡༤༢༤ རབ་བྱུང་བདུན་པའི་ཤིང་འབྲུག་ལོར་བོད་ཡུལ་སྙེ་བོ་ཡག་སྟེང་དུ་སྐུ་འཁྲུངས། དགུང་ལོ་ལྔ་ལ་ཕེབས་སྐབས་༸རྒྱལ་མཆོག་ཀརྨ་པ་དྲུག་པ་མཐོང་བ་དོན་ལྡན་གྱིས། སློབ་དཔོན་པདྨ་འབྱུང་གནས་ཀྱི་དངོས་སློབ་རྗེས་འབངས་ཉེར་ལྔའི་ཡ་གྱལ་གྲུབ་པ་བརྙེས་པ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་མིང་པོ་མཁར་ཆེན་དཔལ་གྱི་དབང་ཕྱུག་དང་། རྗེས་བཙུན་མི་ལ་རས་པའི་ཐུགས་སྲས་རས་པ་ཞི་བ་འོད་ཀྱི་རྣམ་སྤྲུལ་དུ་ངོས་འཛིན་མཛད་ནས། དགུང་ལོ་བཅུ་བཞིར་སྒར་ཆེན་འཛམ་གླིང་རྒྱན་གྱི་གུ་ཡི་གུང་པ་ལུགས་གཉིས་ཀྱི་བསྟན་པའི་བདག་པོར་མངའ་གསོལ། ༸རྒྱལ་མཆོག་ཀརྨ་པ་དྲུག་པའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་དང་། ཞྭ་དམར་གསུམ་པ་ཆོས་དཔལ་ཡེ་ཤེས་དང། རྗེ་བན་སྒར་བ་སོགས་ཀྱི་མདུན་ནས། རྒྱལ་བའི་བཀའ་བསྟན་གཉིས་ཀྱི་ལུང་གིས་གཙོས། བོད་ལ་བཞུགས་པའི་གསར་རྙིང་གི་ཆོས་བཀའ་མ་ལུས་པ་ཐམས་ཅད་ཞུས་ནས། དོན་གྱི་ཆ་ནས་ཡོངས་རྫོགས་བསྟན་པའི་མངའ་བདག་ཆེན་པོར་གྱུར།
༸རྒྱལ་མཆོག་ཀརྨ་པ་དྲུག་པ་ཞི་བར་གཤེགས་ཁར་གཽ་ཤྲཱི་རིན་པོ་ཆེ་མཆོག་ལ་ཕྱག་དཔེ་དང་ནང་རྟེན་དབུ་ཞྭ། ཞལ་ཆེམས་བཀའ་རྒྱ་བཅུ་གསུམ་དང་བཅས་པ་བསྩལ་རྗེས། རྒྱལ་ཚབ་ཏུ་བཞུགས་ནས་སྒར་གྱི་འཛིན་སྐྱོང་གནང་ཞིང་། དེ་རྗེས་༸རྒྱལ་མཆོག་ཀརྨ་པ་བདུན་པ་སྐུ་བལྟམས་པ་དང་། སྔོན་༸རྒྱལ་མཆོག་གོང་མས་བསྟན་པ་གཏད་པའི་རྟེན་འབྲེལ་གྱིས་ཆོས་ལུང་འབུལ་དགོས་པའི་བཀའ་བཞིན། ༸རྒྱལ་མཆོག་ཀརྨ་པ་བདུན་པ་མཆོག་ལ་ཚེ་དཔག་མེད་ཕྱི་ནང་གསང་གསུམ་དང་། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སོགས་ཕུལ་གནང་བ་མ་ཟད། བསྟན་འགྲོ་རིས་སུ་མ་ཆད་པར་མཛད་པ་རྒྱ་ཆེར་བསྐྱངས་ཤིང་མདོ་སྔགས་ཀྱི་བསྟན་དོན་རྣམས་ལ་དབང་འབྱོར་ཞིང་། ཚེ་གཅིག་ལུས་གཅིག་ལ་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མངའ་བརྙེས་པ་ཞིག་ཡིན། འཇིག་རྟེན་ན་ཡོངས་སུ་གྲགས་པའི་ཀན་ཏིང་ཏཱ་ཡི་གཽ་ཤྲཱི་རྒྱལ་ཚབ་རིམ་པར་བྱོན་པ་རྣམས་ནི། དཔལ་ཕྱག་ན་རྡོ་རྗེའི་རྣམ་འཕྲུལ་དུ་ཡོངས་སུ་གྲགས་ཤིང། གདུལ་བྱའི་དོན་དུ་གནས་དང་དུས་གང་ལ་ཡང་སྐུ་ཡི་སྐྱེ་བ་འདྲ་མིན་བཞེས་པ་བརྗོད་ཀྱིས་མི་ལངས་ཤིང་བསྟན་འགྲོའི་དོན་དུ་མཛད་པ་དམ་པའི་ཚུལ་དགུའི་ཡོན་ཏན་གྱི་རྫོགས་ཤིང་། གདུལ་བྱ་རྣམས་སྨིན་གྲོལ་གྱི་ས་ལ་འགོད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་ཆེར་བསྐྱངས་ཡོད།
ད་ལྟ་སྐུ་འཚོ་ཞིང་བཞུགས་པ་གཽ་ཤྲཱི་༸རྒྱལ་ཚབ་སྐུ་ཕྲེང་བཅུ་གཉིས་པ་ཀརྨ་གྲགས་པ་མི་འགྱུར་གོ་ཆ་མཆོག་ནི་༸རྒྱལ་དབང་ཀརྨ་པ་བཅུ་དྲུག་པ་ཆེན་པོས་ཀན་ཏིང་ཏཱ་ཡི་གཽ་ཤྲཱི་རྒྱལ་ཚབ་གོང་མ་ན་རིམ་གྱི་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་་གསོལ་གནང་སྟེ། དབུ་ཞྭ་མཐོང་གྲོལ་དམར་སེར་དབང་གི་མདོག་ཅན་ཐོག་མར་སྒྲོན་པས་སྐུ་གོང་མ་བཞིན་མཛད་པས་ཀུན་གྱི་དད་པའི་སྤུ་ལོང་དབང་མེད་དུ་གཡོས། བོད་དུ་དུས་འགྱུར་བྱུང་ནས། ྋརྒྱལ་མཆོག་བཅུ་དྲུག་པ་ཆེན་པོ་མཆོག་དང་ལྷན་དུ། བོད་ནས་འབྲུག་ཡུལ་བརྒྱུད་དེ་རྒྱ་གར་ལ་བཙན་བྱོལ་དུ་ཕེབས། རྒྱ་གར་དབུས་སའི་གཞུང་གི་མཐུན་འགྱུར་དང་བཀའ་དྲིན་ལ་བརྟེན་ནས་འབྲས་ལྗོངས་སུ་རྒྱལ་མཆོག་ཡབ་སྲས་ལྷན་བཞུགས་གནང་། དེ་རྗེས་དྷ་ས་བཞུགས་སྒར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་སར་མཇལ་བཅར་སྐབས་དབུ་སྐྲ་གཙུག་ཕུད་འབུལ་བཞེས་དང་མཚན་གསོལ་གྱི་མཛད་སྟོན་སྟབས་བདེ་ཞིག་གནང་།
དགུང་གྲངས་བདུན་ནས་ཡི་གེ་འབྲི་ཀློག་སོགས་སྦྱོང་གནང་ཞིང་། མཁན་ཆེན་ཁྲ་འགུ་རིན་པོ་ཆེ་སོགས་ཀྱི་མདུན་ནས། དབུ་ཕར་འདུལ་མཛོད་སོགས་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་རིས་མེད་མཁས་གྲུབ་དུ་མའི་མདུན་ནས་ཐུན་མོང་དང་ཐུན་མིན་གྱི་དབང་ལུང་མཐའ་ཡས་པ་གསན་བཞེས་མཛད།
ལྷག་པར་དུ་རྒྱལ་མཆོག་བཅུ་དྲུག་པ་རིག་པའི་རྡོ་རྗེ་མཆོག་གི་ཞལ་ཆེམས་དང་། ༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོའི་སྒྲིབ་བྲལ་ཡེ་ཤེས་ཀྱིས་གཟིགས་པ། ༸རྒྱལ་ཚབ་གང་ཉིད་ཀྱི་དག་པའི་གཟིགས་སྣང་སོགས་ལ་བརྟེན་ནས། ྋབྱམས་མགོན་ཏཱ་ཡི་སི་ཏུ་རིན་པོ་ཆེ་མཆོག་དང་ལྷན་དུ་མཛད་ཁུར་མཉམ་བཞེས་ཀྱིས། རྟེན་མཆོག་ལྷ་ལྡན་ཇོ་བོ་ཡིད་བཞིན་ནོར་བུའི་སྤྱན་སྔར། ༸རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཆུང་སྲིད་རིན་པོ་ཆེ་མཆོག་གི་དབུ་སྐྲ་གཙུག་ཕུད་ཕུལ་བའི་མཚན་གསོལ་མཛད་སྟོན་དང་། གསེར་ཁྲི་མངའ་གསོལ་བཅས་ཀྱི་མཛད་ཆེན་སོ་སོར། ༸གོང་ས་༸སྐྱབས་མགོན་ཆེན་པོས་ཆེད་དུ་བསྐུར་གནང་མཛད་པའི་ལེགས་སྐྱེས་མཇལ་དར་སྒྲོན་འབུལ་མཛད།
༸རྒྱལ་དབང་ཀརྨ་པ་མཆོག་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་འབྱོར་རྗེས། ྋརྒྱལ་མཆོག་རིག་པའི་རྡོ་རྗེའི་ཞལ་སྔ་ནས། ཆོས་སྐྱེས་ཕ་འབབས་སུ་ཐོབ་པའི་རྟོགས་པ་དོན་གྱི་བརྒྱུད་པ་གཙོ་བོར་གྱུར་པའི་མན་ངག་རྣམས་དང་། གཞན་ཡང་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་དང་རྒྱུད་འགྲེལ་གྱི་ཟབ་བཤད། ཇོ་ལུགས་སྒྲོལ་མ་རྣལ་འབྱོར་མ་དང་ཤངས་པའི་གསེར་ཆོས་ཡོངས་ཀྱི་དབང་ལུང་། རིན་ཆེན་གཏེར་མཛོད་ཆེན་མོའི་བཀའ་དབང་སོགས་ཆོས་སྐྱེས་མནྜལ་དུ་ཕུལ་ཏེ། བསྟན་པ་རིན་པོ་ཆེ་མི་ནུབ་སྲིད་རྩེར་བསྒྲེངས་བའི་དགེ་མཚན་མངོན་པར་མཛད་ཅིང་། རྒྱལ་ཚབ་ན་རིམ་ཐམས་ཅད་གདོད་ནས་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེའི་ཆོས་ཀྱི་རྒྱལ་ཚབ་ཆེན་པོར་གྲུབ་ཀྱང་། སྐབས་འགར་༸རྒྱལ་ཚབ་མངའ་གསོལ་གྱི་མཛད་པ་དམིགས་བསལ་རེ་གནང་སྲོལ་ཡོད་པ་བཞིན། ༸རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཆེན་པོས་དགོས་པ་གལ་ཆེར་གཟིགས་ནས། ཕྱི་ལོ་ ༢༠༠༨ ལོར་དྷ་ས་བཞུགས་སྒར་རྒྱུད་སྟོད་ར་མོ་ཆེའི་ཚོམས་ཆེན་དུ་མཚན་གསོལ་དང་སྐུ་གསུང་ཐུགས་ཀྱི་རྟེན་སོགས་བསྩལ་ནས། ༸དཔལ་རྒྱལ་དབང་ཀརྨ་པ་ཆེན་པོའི་ྋརྒྱལ་ཚབ་ཆོས་ཀྱི་འཁོར་ལོ་བསྒྱུར་བ་ཆེན་པོར་མངའ་དབང་གསོལ་བའི་མཛད་སྒོ་བསྐྱངས།
༸རྒྱལ་ཚབ་རིན་པོ་གང་ཉིད་ཀྱིས་བསྟན་འགྲོའི་མཛད་འགན་བདག་གིར་བཞེས་ཏེ། རྗེ་གོང་མ་ན་རིམ་གྱི་གདན་ས་བསྐྱར་བསྐྲུན་དང་། སྒྲུབ་སྡེ་གསར་འཛུགས། ར་ལང་དུ་གདན་ས་དཔལ་ཆེན་ཆོས་གླིང་འདི་ཉིད་གསར་བཞེངས་ཀྱིས་སྐྱེ་འགྲོ་སྤྱི་ལ་ཕན་ཐོགས་ཆེན་པོ་བྱུང་ཞིང་། དེ་བཞིན་ཕྱི་རྒྱལ་ཡུལ་གྲུར་དུ་མ་དང་། བོད་ནང་དུ་སྔ་རྗེས་ཕེབས་ཤིང་བསྟན་འགྲོའི་དོན་དུ་མཛད་པ་རྒྱ་ཆེར་བསྐྱངས་དང་སྐྱོང་བཞིན་པ་སོགས། མདོར་ན་༸རྒྱལ་མཆོག་ཀརྨ་པ་སྐུ་གོང་འོག་གཉིས་ཀྱི་བཀའ་དགོངས་ཟབ་མོ་ཐུགས་སུ་བཅངས་ཏེ། བསྟན་འགྲོའི་དོན་དུ་སྲི་ཞུ་བླ་ལྷག་ཏུ་བསྒྲུབས་གནང་བ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཙིགས་སུ་འཛིན་ཏེ་བོད་བསྟན་སྲིད་ཀྱི་ཞུ་སྒོ་ཅི་མཆིས་ལ་དངོས་སམ་བརྒྱུད་ནས་ཐུགས་འགན་ཆེར་བཞེས་གནང་ཡོད་པ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་དང་། བོད་མི་རིགས་དང་༸རྒྱལ་བསྟན་ཆགས་འཇིག་གི་དུས་ཚོད་ཧ་ཅང་གཉན་ཕྲང་ཆེ་བའི་སྙིགས་མའི་དུས་འདིར་མགོན་པོ་གང་ཉིད་ཐུགས་བསྐྱེད་གོ་ཆ་བཙན་པོས་སྔར་བཞིན་བསྟན་འགྲོའི་མཛད་པ་མུ་མཐུད་རྒྱ་ཆེར་སྐྱོང་གནང་ཡོང་བའི་གསོལ་འདེབས་ཞུ་རྒྱུ་ཡིན།
མཐའ་དོན། བོད་མི་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་རླབས་ཆེན་དགོངས་བཞེད་རྣམས་ལྷུན་གྱིས་འགྲུབ་པ་དང་། དེ་བཞིན་གཽ་ཤྲཱི་རྒྱལ་ཚབ་རིན་པོ་ཆེ་མཆོག་རྒྱལ་དབང་ཚེ་མཐའ་ཡས་པའི་ངོ་བོར་ཞབས་པད་བརྟན་ཅིང་ཐུགས་རྗེའི་ཕྲིན་ལས་མཁའ་ཁྱབ་ཀུན་ཏུ་རྒྱས་ཤིང་ཐུགས་ཀྱི་དགོངས་བཞེད་རྣམས་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་ཞིང་གཞིས་བྱེས་མཉམ་འཛོམས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། ཞེས་གསུངས་གནང་སོང་།
མཛད་སྒོའི་ཐོག་༸སྐྱབས་མགོན་གཽ་ཤྲཱི་༸རྒྱལ་ཚབ་སྐུ་ཕྲེང་བཅུ་གཉིས་པ་ཆེན་པོ་མཆོག་གིས་བཀའ་སློབ་དང་། ༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་དུས་ཆེན་དང་འབྲེལ་བའི་བཀའ་སློབ་བརྙན་འཕྲིན་བརྒྱུད་གཟིགས་འབུལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བླ་ཆེན་ཁག་གི་གསུང་འཕྲིན་སྙན་སྒྲོན། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག སྐུ་མགྲོན་གཙོ་བོ་མངའ་སྡེའི་ཚོགས་གཙོ་མཆོག་བཅས་ནས་གསུང་བཤད། མཁས་དབང་ཇོ་སྲས་བཀྲ་ཤིས་ཚེ་རིང་ལགས་ནས་༸རྒྱལ་བའི་རྒྱལ་ཚབ་གཽ་ཤྲི་ཆེན་པོ་ན་རིམ་དང་འབྲེལ་བའི་གསུང་བཤད་བཅས་གནང་བ་དང་།
དེ་བཞིན་༸སྐྱབས་རྗེ་གར་དབང་རིན་པོོ་ཆེ་མཆོག་གིས་༸རྒྱལ་ཚབ་ན་རིམ་གྱི་བཀའ་འབུམ་པོད་ ༥ དབུ་འབྱེད་དང་། སྐུ་མགྲོན་གཙོ་བོ་མཆོག་གིས་༸རྒྱལ་ཚབ་རིན་པོ་ཆེའི་བརྙན་པར་དེབ་གཅིག་དབུ་འབྱེད། ༸སྐྱབས་རྗེ་འབོ་དཀར་རིན་པོ་ཆེ་མཆོག་གིས་༸རྒྱལ་ཚབ་ ༤ པའི་གསུང་མར་པའི་རྣམ་ཐར་དབུ་འབྱེད། དཔལ་ལྡན་ཚོགས་གཙོ་མཆོག་གིས་༸རྒྱལ་ཚབ་རིན་པོ་ཆེའི་གསུང་ཆོས་ཕབ་ཤུས་དེབ་ ༤ དབུ་འབྱེད། དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཽ་ཤྲིའི་རྣམ་ཐར་པོད་དེབ་གཅིག་དབུ་འབྱེད། མངའ་སྡེའི་ཚོགས་གཙོ་མཆོག་གིས་༸རྒྱལ་ཚབ་རྣམ་ཐར་དབྱིན་དེབ་གཅིག་དབུ་འབྱེད་བཅས་དབུ་འབྱེད་གནང་སོང་བ་དང་། ༸རྒྱལ་ཚབ་སྐུ་ཕྲེང་བཅུ་གཉིས་པ་མཆོག་ནས་སྐུ་མགྲོན་གཙོ་བོ་མཆོག་དང་། ཕྱག་མཛོད་ཞིང་གཤེགས་ཀྱི་ཚ་མོ་རྣམ་པ་གཉིས་ལ་གཟེངས་རྟགས་ཕུལ་བ། གདན་སའི་མཁན་པོ་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བ་བཅས། །