༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༩ ཚེས་ ༢༦ ཉིན་ཨོ་གླིང་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་ནས་ཨོ་གླིང་ཁྭིན་སི་ལེནྚ་མངའ་སྡེའི་ཡུཌ་ལོ་གྲོང་ཁྱེར་དུ་ཆགས་པའི་སྤྱན་རས་གཟིགས་ཆོས་ཚོགས་དབུ་བརྙེས་ཏེ་ལོ་ངོ་ ༥༠ འཁོར་བའི་དུས་དྲན་མཛད་སྒོར་མཉམ་ཞུགས་གནང་ཡོད།
དེ་ཡང་སྐབས་དེར་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་ལྗགས་ཀློག་གནང་ཞིང་། ༸མགོན་པོ་མཆོག་གི་བཀའ་སློབ་སྩལ་དོན། ངོས་ཀྱིས་སྤྱན་རས་གཟིགས་ཆོས་ཚོགས་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་ཉིན་མོར་ཆོས་ཚོགས་ཀྱི་ལས་བྱེད་དང་ཚོགས་མི་ཡོངས་ལ་འཚམས་འདྲི་ཡོད། ངོས་ནས་ཆོས་ཚོགས་འདིར་བཅར་རྒྱུའི་གོ་སྐབས་བྱུང་ཡོད་ལ། ཆོས་ཚོགས་དེ་བཞིན་ཡར་རྒྱས་གཏོང་བཞིན་པ་ཤེས་རྟོགས་བྱུང་བར་ཧ་ཅང་དགའ་པོ་བྱུང་། སློབ་གཉེར་དང་ཉམས་ལེན་གཉིས་ཀའི་ཁྲོད་དུ་དེང་སང་གི་མི་རབས་རྣམས་ལ་དུས་རབས་ ༢༡ གྱི་ནང་པ་ཞིག་བྱ་རྒྱུར་སྐུལ་འདེད་བྱེད་དགོས། དུས་རབས་ཉེར་གཅིག་པའི་ནང་པ་ཞིག་ཡིན་པའི་ཆ་ནས་སྟོན་པ་བཅོམ་ལྡན་འདས་ཀྱི་བསླབ་པའི་ཐོག་ལ་ལངས་ཕྱོགས་གཙང་མ་ཞིག་དགོས་པ་དང་ཆབས་ཅིག དེང་རབས་ཀྱི་ཤེས་ཡོན་དང་ཚན་རིག་གི་ཤེས་ཡོན་ཡང་ཆ་ཚང་བར་ལེན་དགོས། དེ་ལྟར་བྱས་ན་སྤྱི་ཚོགས་སྤྱི་ལ་ཞབས་འདེགས་ཞུ་ཐུབ་པ་མ་ཟད་རང་ཉིད་ལ་བདེ་སྐྱིད་བསྐྲུན་བྱེད་ཀྱི་ནུས་པ་ཐོབ་ཐུབ། ཅེས་དང་།ཆོས་ཚོགས་འདིའི་འབྲེལ་ཡོད་རྣམས་ནས་ནད་པ་གསོ་སྐྱོང་ཁང་ལ་སོགས་པའི་ལས་གཞི་མང་པོའི་བརྒྱུད་སྤྱི་ཚོགས་ལ་ཕན་ཐོགས་གང་ཐུབ་སྒྲུབ་པ་དེ་དག་བསྔགས་བརྗོད་འོས་པ་ཞིག་ཡིན་པས་དེ་ལྟ་བུའི་ལས་གཞི་མུ་མཐུད་བསྐྱངས་དགོས་གལ་ཆེ། ངོས་ཀྱིས་སྤྱན་རས་གཟིགས་ཆོས་ཚོགས་མུ་མཐུད་མདུན་བསྐྱོད་དང་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་གི་ཡོད། ཅེས་བཀའ་སློབ་སྩལ།
མཛད་སྒོ་དེར་སྤྱི་མཐུན་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨེན་དྲི་ཡུ་ཝ་ལེ་སི་ལགས་དང་། ཁྭིན་སི་ལེནྜ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨེན་དྲི་ཡུ་པོ་ཝེལ་ལགས། སན་ཤ་ཡིན་ཀོསཊ་ ( Sunshine Coast) ལས་ཁུངས་ཀྱི་གྲོང་སྡེའི་སྤྱི་ཁྱབ་ལྕམ་རོ་སེ་ན་ན་ཊོ་ལོ་ལགས། ཐེག་ཆེན་སྲོལ་རྒྱུན་མི་ཉམས་རྒྱུན་འཛིན་ཐེབས་རྩ་ཁང་གི་འགན་འཛིན་སྐུ་ཞབས་ཀུན་བཟང་ལགས། ཁྭིན་སི་ལེནྜ་བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བློ་བཟང་ཉི་མ་ལགས་བཅས་ཕེབས་ཡོད།
སྤྱན་རས་ཆོས་ཚོགས་ནི་ཨོ་གླིང་ནང་གི་ནང་པའི་བསྟི་གནས་ཐོག་མ་ཡིན་པ་དང་། ཕྱི་ལོ་ ༡༩༧༤ ལོར་བླ་མ་ཐུབ་བསྟན་ཡེ་ཤེས་ལགས་དང་། བླ་མ་བཟོད་པ་རིན་པོ་ཆེ་གཉིས་ཀྱི་ལམ་སྟོན་འོག་དབུ་འཛུགས་གནང་བ་ཞིག་ཡིན་པ་བཅས།།