༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༩ པའི་ཚེས་ ༣ ཉིན་སྔ་དྲོ་ཆུ་ཚོད་ ༡༠།༠༠ པའི་ཐོག་ཨི་སི་ཊོ་ནི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་། གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་ཇུ་ཀུ་ ཀཱ་ལེ་ རཡེ་ཌི་ (MP Juku-Kalle Raid, Chair of the Tibet Support Group in the Estonian Parliament) མཆོག་དང་། ཨི་སི་ཊོ་ནི་ཡའི་གྲོས་ཚོགས་ཀྱི་སྤྱི་ཚོགས་བདེ་དོན་ཚོགས་ཆུང་གི་ཚོགས་མི་ལྕམ་སྐུ་ཀར་མན་ ཇཱོ་ལར་ (MP Karmen Joller, member of the Social Affairs Committee) མཆོག ཨི་སི་ཊོ་ནི་ཡའི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་མི་ལྕམ་སྐུ་ཨི་ས་ཊར་ ཨ་རཱ་སི་ (MP Ester Aruse, member of the Foreign Affairs Committee) མཆོག་བཅས་ལས་གྲུབ་པའི་ཨི་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་གནང་སོང་།སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་སྤྱི་འཐུས་རྣམ་པ། ཚོགས་དྲུང་ལས་ཁུངས་ཀྱི་དྲུང་ཆེ་གཙོས་པའི་ལས་བྱེད་རྣམ་པས་སྣེ་ལེན་དང་། དེ་རྗེས་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་ཨི་སི་ཊོ་ནི་ཡའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམ་པ་དང་། དཔལ་ལྡན་ཚོགས་གཙོ་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་དང་། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་རྣམ་པ་བཅས་ལྷན་འཛོམས་གནང་ཞིང་།
དེའི་སྐབས་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་ཨི་སི་ཊོ་ནི་ཡའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམ་པ་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་ཐོག་མར་འཚམས་འདྲི་དང་སྦྲགས་གསུང་དོན། ཨི་སི་ཊོ་ནི་ཡའི་རྒྱལ་ཁབ་ནང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཐེངས་འགའ་ཤས་ཆིབས་བསྒྱུར་མཛད་ཡོད་པའི་སྐོར་དང་། དེ་བཞིན་དེ་གའི་གྲོས་ཚོགས་ནང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་མང་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ཡོད་པ། ཕྱི་ལོ་ ༢༠༡༤ ལོར་ཨི་སི་ཊོ་ནི་ཡའི་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཕེབས་པ་སོགས་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་སྔ་རྗེས་ཕེབས་ཡོད་གནས། ཨི་སི་ཊོ་ནི་ཡའི་སྐུ་ཚབ་ཀྱང་བཞུགས་སྒར་དུ་ཐེངས་ཁ་ཤས་ཕེབས་ཡོད་སྐོར་སོགས་ཨི་སི་ཊོ་ནི་ཡའི་རྒྱལ་ཁབ་དང་། བོད་མིའི་དབར་འབྲེལ་བ་དམ་ཟབ་ཏུ་འགྲོ་བཞིན་པའི་སྐོར་དང་།དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར། བོད་མི་མང་སྤྱི་འཐུས་རྒྱུན་ལས་ཚོགས་ཆུང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྒྱལ་སྤྱིའི་ནང་བོད་དོན་ཞུ་སྐུལ་གནང་རྒྱུའི་ལས་རིམ་སྐོར། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་སོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་སྐོར་ངོ་སྤྲོད་དང་སྦྲགས། ཕྱི་ལོ་ ༢༠༢༥ ལོར་ཉི་འོང་དུ་ཚོགས་གཏན་ཁེལ་བའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པའི་ཐོག་མཉམ་ཞུགས་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་གནང་སོང་།
གཞན་ཡང་དཔལ་ལྡན་ཚོགས་གཙོ་མཆོག་གིས་གསུང་དོན། རྒྱ་ནག་དམར་གཞུང་འོག་བོད་ནང་ཆོས་དང་། རིག་གཞུང་། སྐད་ཡིག་བཀོལ་སྤྱོད་ཀྱི་རང་དབང་མེད་པའི་སྐོར་གསལ་སྟོན་གྱིས་ད་ལྟའི་ཆར་སྔར་ལྷག་དམ་དྲག་དང་། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་ཆེ་རུ་འགྲོ་བཞིན་པའི་སྐོར་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གནས་ཚུལ་ཁག་ངོ་སྤྲོད་དང་། རྒྱ་ནག་དམར་གཞུང་གི་སྲིད་བྱུས་ལ་བོད་མི་ཚོས་འདོད་པ་མེད་པར། ཕྱི་ལོ་ ༢༠༠༨ ལོར་བོད་ཆོལ་ཁ་གསུམ་གྱི་བོད་མི་ཚང་མས་བོད་ནང་ཞི་རྒོལ་གནང་བའི་སྐོར་དང་། ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་མི་གྲངས་ ༡༥༧ གྱིས་རང་ལུས་མེར་བསྲེགས་བཏང་བའི་གནས་སྟངས་སྐོར་སོགས་ངོ་སྤྲོད་དང་སྦྲགས། ཨི་སི་ཊོ་ནི་ཡའི་གྲོས་ཚོགས་ནང་བོད་དོན་གླེང་སློང་དང་། བོད་དོན་དང་འབྲེལ་བའི་གྲོས་ཆོད་འཇོག་རྒྱུ་སོགས་བོད་དོན་ཐོག་གྲོས་ཚོགས་ཕྱི་ནང་གཉིས་ཀའི་ནང་རྒྱབ་སྐྱོར་གནང་སྐྱོང་ཡོང་བ་དང་། དེ་བཞིན་ཡུ་རོབ་མཐུན་ཚོགས་ཀྱི་ཐོག་ནས་བོད་དོན་ཐོག་སྔ་རྗེས་གྲོས་ཆོད་བཞག་ཡོད་པ་ལྟར། མུ་མཐུད་མཐུན་ཚོགས་ཐོག་ནས་སྔར་ལྷག་རྒྱབ་སྐྱོར་ཡོང་ཐབས་སུ་འབད་བརྩོན་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་གནང་སོང་།
ཉེ་ཆར་ཨི་སི་ཊོ་ནི་ཡ་ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ཨི་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མི་རྣམ་པ་བཞུགས་སྒར་དུ་ཕེབས་ན་འགྲིག་གི་མེད་པའི་སྐོར་ཨི་སི་ཊོ་ནི་ཡའི་ཕྱི་སྲིད་ལས་ཁུངས་ལ་ཡི་གེ་བཏང་བ་དེ་བཞིན་དཔལ་ལྡན་ཚོགས་གཙོ་མཆོག་གིས་མཇལ་བའི་སྐོར་དང་། རྒྱ་ནག་གཞུང་གིས་བོད་དོན་དང་འབྲེལ་བ་ཡོད་མཁན་རྣམས་ལ་གནོན་ཤུགས་སྤྲོད་བཞིན་པ་དེ་ནི་རྒྱུན་ལྡན་གྱི་བྱེད་སྟངས་ཤིག་ཡིན་པ་དང་། གྲོས་ཚོགས་འཐུས་མི་རྣམ་པས་དེ་སྣང་མེད་དུ་བཞག་ནས་བཞུགས་སྒར་དུ་ཕེབས་པར་དམིགས་བསལ་གྱི་དགའ་པོ་བྱུང་བ་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་གནང་སོང་།
ཨི་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མི་རྣམ་པས་ཨི་སི་ཊོ་ནི་ཡ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཐོག་མར་གསར་འཛུགས་གནང་བའི་སྐབས་ཚོགས་མི་ཉུང་ཤས་ཤིག་ལས་རིམ་པས་ཚོགས་མིའི་གྲངས་འབོར་མང་དུ་ཕྱིན་པའི་སྐོར་སོགས་ཨོ་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྱུང་རིམ་སྐོར་ངོ་སྤྲོད་དང་། ཁོང་རྣམ་པའི་ངོས་ནས་བོད་དང་བོད་མིའི་གནད་དོན་ཐོག་རྒྱབ་སྐྱོར་བརྟན་པོ་ཡོད་པ་དང་། རྒྱ་ནག་དམར་གཞུང་གི་གནས་ཚུལ་འཁྱོག་བཤད་ལོག་འགྲེལ་རིགས་ལ་གདོང་ལེན་གནང་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་སོགས་གསུངས་གནང་སོང་།
དེ་རྗེས་བོད་མི་མང་སྤྱི་འཐུས་རྣམ་པ་དང་། ཨི་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མིའི་དབར་བོད་དོན་དང་འབྲེལ་བའི་གནད་དོན་འདྲ་མིན་ཐོག་བཀའ་བསྡུར་ལྷུགས་པོ་གནང་རྗེས། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་ཕེབས་གནང་ཡོད།
ཕྱི་ཚེས་ ༢ ཉིན་གྱི་དགོང་དྲོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྡ་ས་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་དུ་ཨི་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་རྣམས་ལ་གསོལ་སྟོན་ཞིག་བཤམས་ཤིང་། སྐབས་དེར་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་སྤྱི་འཐུས་རྣམ་པ་དང་ལྷན། བོད་ནང་གི་དངོས་ཡོད་གནས་ཚུལ་རྒྱུད་སྤེལ་སྐོར་གྱི་གལ་གནད་དང་། བོད་ནང་གི་ཛ་དྲག་གནས་སྟངས། རྒྱ་ནག་གི་འཛམ་གླིང་ཁྱོན་ཡོངས་ལ་ཉེན་ཁ་བཟོ་བཞིན་ཡོད་པ་སོགས་བོད་དོན་སྐོར་བཀའ་བསྡུར་ལྷུགས་པོ་གནང་ཡོད་པ་བཅས། །