༄༅། །བོད་རྒྱལ་ལོ་ ༢༡༥༡ ཕྱི་ལོ་ ༢༠༢༤ ཟླ་བ་ ༨ ཚེས་ ༣༠ ཉིན་སྦེལ་ཇམ་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ནས་གྲོང་ཁྱེར་ཨན་ཊབ་ཏུ་མང་གཙོ་དུས་ཆེན་སྲུང་བརྩི་ཞུ་བ་དང་ལྷན་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་ལ་ཨ་རིའི་སྲིད་འཛིན་གྱིས་མཚན་རྟགས་བསྐྱོན་པར་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་ཉིན་གུང་ཕྱག་ཚོད་ ༡༢།༠༠ ཐོག་སྐུ་མགྲོན་གཙོ་བོ་སྦེལ་ཇམ་སྐུ་ཚབ་དོན་ཁང་གི་དྲུང་ཆེ་འཕྲིན་ལས་དབང་འདུས་ལགས། བཤད་སྒྲུབ་བསྟན་རྒྱས་གླིང་ཆོས་ཚོགས་ཀྱི་འགན་འཛིན་དགེ་བཤེས་ཚེ་བརྟན་ཕུན་ཚོགས་ལགས། ཧི་མ་ལ་ཡའི་སྒྲོལ་མ་ཆོས་ཚོགས་ཀྱི་འགན་འཛིན་མེ་ཏོག་རིན་པོ་ཆེ། གཞན་ཡང་ས་གནས་ཆོལ་ཁ་གསུམ་གྱི་འཐུས་ཚབ། ས་གནས་གཞོན་ནུའི་འཐུས་ཚབ། དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་འགན་འཛིན་གྱིས་གཙོས་རྒྱ་ཆེའི་མང་ཚོགས་གང་མང་ཕེབས་ཞུགས་གནང་འདུག
སྦེལ་ཇམ་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཉི་མ་ལགས་ནས་ད་ལན་མང་གཙོའི་དུས་ཆེན་སྲུང་བརྩི་ཞུ་བ་དང་ལྷན་བུད་མེད་ཚོགས་པའི་ངོས་ནས་བོད་རྒྱའི་རྩོད་རྙོག་སེལ་བའི་ཁྲིམས་ཡིག་དངོས་སུ་གཏན་འབེབས་བྱུང་བ་དེར་ཨ་རིའི་གཞུང་མང་གཉིས་ཀྱི་གཙོས་འབྲེལ་ཡོད་ཡོངས་ལ་ཐུགས་རྗེ་ཆེ་ཞུས་སོང་།
སྐུ་མགྲོན་གཙོ་བོ་སྦར་སིལ་དོན་ཁང་གི་དྲུང་ཆེ་འཕྲིན་ལས་དབང་འདུས་ལགས་ནས་ཕྱི་ལོ་ ༢༠༢༤ ཟླ་བ་ ༧ ཚེས་ ༡༢ ཉིན་ཨ་རིིའི་སྲིད་འཛིན་ཇོ་བྷའི་ཊེན་མཆོག་གིས་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་ལ་མཚན་རྟགས་བཀོད་རྗེས་ཁྲིམས་ཡིག་དེ་ཉིད་ཨ་རིའི་གཞུང་འབྲེལ་སྲིད་བྱུས་སུ་ཇི་ལྟར་གྱུར་བའི་སྐོར་དང་ཁྲིམས་ཡིག་དེའི་ནང་དོན་སྙིང་བསྡུས་འགྲེལ་བརྗོད་གནང་ཡོད། དེ་ཡང་ཁྲིམས་ཡིག་འདིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གམ་མགོན་པོ་མཆོག་གི་སྐུ་ཚབ། ཡང་ན། མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་བོད་མའི་དབུ་ཁྲིད་དབར་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་དོན་དམ་གྱི་གྲོས་མོལ་ཐོབ་ཐབས་དང་། ཡང་ན། བོད་ཀྱི་གནད་དོན་ཐོག་གྲོས་མོལ་ཡོང་རྒྱུའི་གོ་སྐབས་ཡར་རྒྱས་གཏང་རྒྱུའི་ཐབས་ལམ་འཚོལ་རྒྱུ་ཡིན་པ་མ་ཟད། ད་དུང་རྒྱལ་ཁབ་གཞན་དང་མཉམ་འབྲེལ་གྱིས་བོད་ཀྱི་གནད་དོན་ཐག་གཅོད་གྲོལ་ཡོང་བར་འབད་བརྩོན་སྔར་ལྷག་བྱ་རྒྱུའི་སྐོར་དང་། གཞན་ཡང་ཨ་རིའི་གཞུང་གིས་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་ཐོག་ལངས་ཕྱོགས་སྲ་བརྟན་གཏོང་བར་བསྐུལ་འདེད་དང་། དེ་རིང་གོ་སྐབས་འདི་བརྒྱུད་ནས་ཨ་རིའི་སྲིད་འཛིན་གྱིས་གཙོས་འབྲེལ་ཡོད་ཡོངས་ལ་དམིགས་བསལ་ཐུགས་རྗེ་ཞུ་རྒྱུ་དང་། འདི་ལྟ་བུའི་ཁྲིམས་ཡིག་དེས་རང་ཅག་བོད་ཕྱི་ནང་གཉིས་ལ་བཞུགས་པའི་བོད་མི་རྣམས་ལ་སེམས་ཤུགས་འཕར་མ་བསྐྱེད་རྒྱུ་དང་རྒྱ་ནག་དམར་གཞུང་ལ་དེ་བས་བརྡ་ལན་ཤུགས་ཆེ་སྤྲད་ངེས་ཡིན་པའི་སྐོར་གསུང་གནང་སོང་།
གཞན་ཡང་ཁོང་གིས་ད་ཆ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་ཞབས་པུས་སྨན་བཅོས་ལེགས་པར་གྲུབ་སྟེ་ལྷོ་བྱང་ཨ་རིའི་བོད་རིགས་མི་མང་དང་། ཡོ་རོབ་ཁུལ་གྱི་བོད་རིགས་མི་མང་ཡོངས་ལ་ཞལ་མཇལ་གསུང་ཐོས་ཀྱི་སྐལ་བཟང་གི་གོ་སྐབས་ཐོབ་ཟིན་པ་མ་ཟད། མགོན་པོ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་ཐུབ་པ་བྱུང་བ་ནི་མགོ་ནག་བོད་མི་ཀུན་གྱི་དགའ་འོས་པའི་གཏམ་བཟང་ཞིག་རེད། ཚང་མས་དད་པ་དམ་ཚིག་གཡོ་བ་མེད་པའི་ཐོག་ནས་རྒྱལ་བའི་བཀའ་དགོངས་འོག་ཤར་བསྐྱོད་དང་། བོད་མིའི་བཟང་སྤྱོད་ཀྱི་དྲི་མ་རང་རྒྱུད་ལས་མ་ཡལ་བར་བོད་སྤྱི་པའི་རྩ་དོན་ཐོག་ནུས་པ་མཉམ་སྤུངས་དགོས་པའི་འབོད་སྐུལ་ཞུས་གནང་སོང་།
མཛད་སྒོའི་མཇུག་ཏུ་ཀེཀ་བཏུབ་ཏེ་བཏུབ་སྟེ་སྐུ་མགྲོན་རྣམ་པ་དང་ན་ཆུང་བྱིས་པ་རྣམས་ལ་ཕུལ་གནང་སོང་བ་དང་། ཤེས་རབ་སྣང་འབྱེད་སློབ་གྲྭའི་སློབ་མ་རྣམས་ནས་བཀྲ་ཤིས་ཞོལ་པ་དང་། མང་ཚོགས་ཁག་གཅིག་ནས་གླུ་གཞས་ཁག་གཅིག་གཟིགས་འབུལ་ཞུས་གནང་སོང་། དོན་ཁང་གི་དྲུང་ཆེ་འཕྲིན་ལས་དབང་འདུས་ལགས་དང་ལྷན་ཡོ་རོབ་འབྲེལ་མཐུད་པ་དྲུང་ལས་བསྟན་འཛིན་ཕུན་ཚོགས་དང་རྩིས་པ་དྲུང་ལས་བསྟན་འཛིན་ནོར་ལྡན་ལགས་རྣམ་གཉིས་ཀྱང་ལྷན་བཅར་ཞུས་ཡོད། །