༄༅། །འདི་གར་སྦེལ་ཇམ་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། བོད་རྒྱལ་ལོ་ ༢༡༥༡ ཕྱི་ལོ་ ༢༠༢༤ ཟླ་བ་ ༨ ཚེས་ ༣༠ ཉིན་སྦེལ་ཇམ་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ནས་གྲོང་ཁྱེར་ཨན་ཊབ་ཏུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་མི་རྣམས་ལ་མང་གཙོའི་ལམ་བཟང་གསོལ་བསྩལ་བཀའ་དྲིན་བསྐྱངས་ཏེ་མི་ལོ་ ༦༤ འཁོར་བའི་དུས་ཆེན་གྱི་མཛད་སྒོ་སྔ་སྣུར་གྱིས་སྲུང་བརྩི་ཞུས་སོང་།དེ་ཡང་གོང་ཚེས་ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༢།༠༠ ཐོག་སྐུ་མགྲོན་གཙོ་བོ་སྦེལ་ཇམ་སྐུ་ཚབ་དོན་ཁང་གི་དྲུང་ཆེ་འཕྲིན་ལས་དབང་འདུས་ལགས་དང་། ཡོ་རོབ་འབྲེལ་མཐུད་པ་དྲུང་ལས་བསྟན་འཛིན་ཕུན་ཚོགས་ལགས། རྩིས་པ་དྲུང་ལས་བསྟན་འཛིན་ནོར་ལྡན་ལགས། ས་གནས་ཆོལ་ཁ་གསུམ་གྱི་ཚོགས་གཙོ་རྣམ་པ། ས་གནས་གཞོན་ནུའི་འཐུས་ཚབ། དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་འགན་འཛིན་གྱིས་གཙོས་རྒྱ་ཆེའི་མང་ཚོགས་གང་མང་ཕེབས་ཞུགས་གནང་འདུག
སྐུ་མགྲོན་རྣམས་བཞུགས་གྲལ་དུ་འཁོད་གྲུབ་མཚམས་མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཞུགས་ཁྲིར་གདན་འདྲེན་ཞུས་རྗེས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་། དེ་རྗེས་རྒྱལ་གཅེས་པ་རྣམས་ལ་མྱ་ངན་གུས་འདུན་མཚོན་ཕྱིར་ངག་བཅད་སྐར་མ་གཅིག་རིང་ཞུས། དེ་ནས་མང་གཙོ་གསར་གཞས་བཏང་གྲུབ་མཚམས། བསང་གསོལ་དང་ལྷ་རྒྱལ་འཐེན་ཏེ་རྒྱལ་བ་དོན་གྱི་བདག་པོའི་སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་ལམ་བཏབ།དེ་རྗེས་སྦེལ་ཇམ་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཉི་མ་ལགས་ནས་དུས་ཆེན་གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་དང་། གཞན་ཡང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཆགས་རབ་ལོ་རྒྱུས་སྙིང་བསྡུས་འགྲེལ་བརྗོད་གནང་སོང་། དཔེ་སྟོན་སློབ་གྲྭའི་སློབ་ཟུར་བུ་མོ་བསྟན་འཛིན་མེ་ཏོག་ལགས་ནས་སྙན་ཚིགས་ཀྱི་ལམ་ནས་མང་ཚོགས་ཡོངས་ལ་མང་གཙོའི་གལ་གནད་སྐོར་སེམས་འགུལ་ཐེབས་པ་ཞིག་འབུལ་ལམ་ཞུས་གནང་སོང་།
མཐར་ཤེས་རབ་སྣང་བྱེད་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་སློབ་མ་རྣམས་ནས་བཀྲ་ཤིས་ཞོལ་པ་དང་གླུ་གཞས་ཁག་གཅིག་གཟིགས་འབུལ་ཞུས་སོང་། དེ་བཞིན་མང་ཚོགས་ཁྲོད་ནས་གླུ་གཞས་ཁག་གཅིག་གཟིགས་འབུལ་ཞུས་པའི་རྗེས་སྒོར་གཞས་བཅས་འཁྲབ་སྟེ་དགོངས་མོའི་ཆུ་ཚོད་ ༩།༠༠ ཐོག་མཛད་སྒོ་གྲོལ་བར་བྱས་ཡོད།
ཐེངས་འདིའི་མང་གཙོའི་དུས་ཆེན་སྲུང་བརྩིའི་ཉིན་མང་ཚོགས་གང་མང་འདུ་འཛོམས་གནང་བ་དང་དུས་བསྟུན། གོང་གསལ་དོན་ཁང་གི་འབྲེལ་ལས་གསུམ་ནས་དང་བླངས་དཔྱ་དངུལ་ལག་དེབ་ཀྱི་དཔྱ་དངུལ་ཆག་ཡང་གི་གོ་སྐབས་བཞེས་མཁན་ལྷག་འཕྲོས་རྣམས་ལ་གོ་སྐབས་དང་། གཞན་ཡང་རྒྱུན་ལྡན་གྱི་དཔྱ་དངུལ་བསྡུ་རྒྱུས་མཚོན། དཔྱ་དེབ་གསར་བཟོ་དང་ནོར་བཅོས། དཔྱ་དེབ་བཟོས་ཟིན་པ་རྣམས་འགྲེམས་སྤྲོད་བཅས་ཞུས་པར་མང་ཚོགས་གང་མང་ནས་ཆ་ཤ་བླངས་སོང་བཅས། །