༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༩ ཚེས་ ༡༠ ཉིན་སྦེང་ལོར་གཙུག་ལག་སློབ་གཉེར་ཁང་གི་བསླབ་པ་མཐར་སོན་གྱི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་བཞེས་མཁན་བསྟན་འཛིན་སྐལ་ལྡན་ལགས་སུ་ ( B.Sc. Speech and Hearing) སློབ་ཚན་ཐོག་ཨང་རིམ་རྩེར་སོན་གྱིས་གསེར་གྱི་རྟགས་མ་གཉིས་ཐོབ་འདུག
བསྟན་འཛིན་སྐལ་ལྡན་ལགས་ནི། མན་སྤར་བདེ་གླིང་བོད་མིའི་གཞིས་ཆགས་སུ་སྐྱེས་ཤིང་། སཾ་བྷོ་ཊ་པོན་ཊ་དང་སེ་ལ་ཀུ་བོད་ཁྱིམ་སློབ་གྲྭ་འགྲིམས་རྗེས་སྦེང་ལོར་དུ་རྟེན་གཞི་བྱས་པའི་(Naseema Institute of Speech and Hearing) བསྟི་གནས་ཁང་དུ་སློབ་ཞུགས་ཀྱིས་ཕྱི་ལོ་ ༢༠༢༣ ལོར་སློབ་མཐར་སོན། ཁོང་མོར་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་ཐོབ་པ་མ་ཟད། གསེར་གྱི་རྟགས་མ་ཐོབ་པ་དེ་ནི་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། རང་ཉིད་ཀྱི་ཕ་མ་གཉིས། དེ་བཞིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་སློབ་ཡོན་གྱི་རོགས་སྐྱོར་གནང་བའི་བཀའ་དྲིན་ཡིན་པ་གསུངས་འདུག དེ་མ་ཟད་ཁོང་མོས་བོད་རིགས་གཞོན་སྐྱེས་རྣམས་ནས་རང་ཉིད་ཀྱི་དམིགས་ཡུལ་སྒྲུབ་ཐབས་སུ་སྤྱི་ཚོགས་ཀྱི་གནོན་ཤུགས་ལ་སྣང་མེད་ཀྱིས་རང་གི་འདོད་དོན་ཆེད་སྙུགས་སྲིང་སྟེ་བརྩོན་འགྲུས་བསྟེན་དགོས་པ་གསུངས་འདུག་པ་བཅས།།