༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་འཐུས་ཚོགས་གཞོན་ཟུར་པ་བྱ་དུར་བསོད་ནམས་བཟང་པོ་མཆོག་དམ་པའི་ཤུལ་ལུས་ནང་མི་ཉེ་འབྲེལ་རྣམས་ལ་ཐུགས་གསོའི་འཕྲིན་ཡིག་གནང་བའི་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་སྐབས་བརྒྱད་པ་དང་། དགུ་པ། བཅུ་པ། བཅུ་གཅིག་པ། བཅུ་གཉིས་པ། བཅུ་གསུམ་པ་བཅས་ཀྱི་སྤྱི་འཐུས་དང་། ལྷག་པར་སྐབས་བཅུ་གཅིག་པ་དང་བཅུ་གསུམ་པའི་ཚོགས་གཞོན་གྱི་ལས་འཁུར་བཞེས་མྱོང་མཁན་སྤྱི་འཐུས་ཚོགས་གཞོན་ཟུར་པ་བྱ་དུར་བསོད་ནམས་བཟང་པོ་མཆོག་སྙུན་གཞིའི་དབང་གིས་ཌོ་ལན་ཇི་བོན་གཞིས་སུ་ཡོད་པའི་གཟིམ་ཤག་ཏུ་ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༢༨ ཉིན་གྱི་ཕྱི་དྲོར་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་ཤིན་ཏུ་ཡིད་སྐྱོ་དང་བློ་ཕམ་གྱི་གནས་སུ་གྱུར་པ་དང་། དམ་པ་གང་གི་ཤུལ་ལུས་ནང་མི་ཉེ་འབྲེལ་རྣམས་ཀྱང་ཐུགས་ཡིད་གདུང་ཆེན་པོའི་ངང་ཡོད་ངེས་ཀྱང་། འཇིག་རྟེན་གྱི་སྐྱེ་འགྲོ་ཀུན་ལ་སྐྱེ་འཆིའི་རང་དབང་མེད་པ་ཆོས་ཉིད་ལ་དགོངས་རྒྱ་ཆེ་བཞེས་དང་འབྲེལ་དམ་པ་དེ་ཉིད་ཀྱི་ཆེད་རྣམ་དཀར་དགེ་ཚོགས་ཀྱི་གནང་སྒོ་རིམ་པ་གནང་བཞིན་ཡོད་པར་གཞིར་བཅས། འདི་ནས་གྲོས་ཚོགས་ཚོགས་དུས་དགུ་པར་སྤྱི་མཚུངས་ལྟར་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་བཞག་ཟིན་རྗེས་འབུལ་ལམ་ཞུ་རྒྱུ་དང་། དམ་པ་དེ་ཉིད་ཀྱིས་བོད་བསྟན་སྲིད་མི་རིགས་དང་། བོད་མིའི་སྒྲིག་འཛུགས། བོད་རྒྱ་ཆེའི་མང་ཚོགས་བཅས་ཀྱི་དོན་དུ་ཞབས་ཞུ་མཐར་སོན་གནང་བའི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་དང་། མཆོག་གསུམ་རྒྱལ་བའི་སྤྱན་སྔར་མཆོད་སྤྲིན་དང་བཅས་གང་གིས་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ཅིང་། རྣམ་མཁྱེན་རྒྱལ་བའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང་སྦྲགས། ཤུལ་ལུས་ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་བཅས། ཞེས་འཁོད་འདུག
སྤྱི་འཐུས་ཚོགས་གཞོན་ཟུར་པ་བྱ་དུར་བསོད་ནམས་བཟང་པོ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དམ་པ་ཁོང་གི་ཤུལ་ལུས་ནང་མི་ཉེ་འབྲེལ་རྣམས་ལ་ཐུགས་གསོ་གནང་བ།
དེ་ཡང་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་དང་། སྤྱི་འཐུས་ཚོགས་གཞོན་ཟུར་པ་བྱ་དུར་བསོད་ནམས་བཟང་པོ་མཆོག་ནི་ཕྱི་ལོ་ ༡༩༣༨ ལོའི་ཟླ་ ༩ ཚེས་ ༡༥ ཉིན་བོད་ལྗོངས་ལ་སྟོད་བྱ་དུར་ཡོན་ཆབ་སྟིང་ཀ་ཞེས་པའི་གྲོང་སྡེ་དེར་འཁྲུངས། ལོ་དྲུག་ནས་བྱ་དུར་དགོན་དུ་ཡི་གེ་འབྲི་ཀློག་ལ་སྦྱངས་བརྩོན་དང་དགོན་གྱི་སྤྱི་གཉེར་ལས་ཚབ་བཅས་གནང༌། ཕྱི་ལོ་ ༡༩༥༩ དུས་འགྱུར་སྐབས་བལ་ཡུལ་བརྒྱུད་རྒྱ་གར་ལ་འབྱོར་རྗེས་བཙན་བྱོལ་བོད་མིའི་ལམ་ལས་བརྒྱ་ཤོག་གི་ཧིན་དྷིའི་སྐད་བསྒྱུར་དང་སྤྱི་པའི་འགན་འཁྲིའི་ཞབས་ཞུ་སྣ་མང་གནང་། ཕྱི་ལོ་ ༡༩༦༦ ནས་༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་བཀའ་དགོངས་བཞིན་བོན་གཞིས་ཆགས་ཡུལ་ས་ཆ་འཚོལ་སྒྲུབ་ཞབས་ཞུ་དང་། ཕྱི་ལོ་ ༡༩༧༩ ནས་བོན་གཞིས་ས་གནས་འགོ་འཛིན་བཅས་གནང༌། ཕྱི་ལོ་ ༡༩༨༢ ཟླ་ ༩ ཚེས་ ༢ ནས་ཕྱི་ལོ་ ༡༩༩༠ ཟླ་ ༥ ཚེས་ ༡༡ བར་བོད་མི་མང་སྤྱི་འཐུས་སྐབས་བརྒྱད་པ་དང་དགུ་པ། བཅུ་པ་བཅས་སུ་གཡུང་དྲུང་བོན་གྱི་སྤྱི་འཐུས་མཛད་འཁུར་བཞེས། ཕྱི་ལོ་ ༡༩༩༡ ཟླ་ ༥ ཚེས་ ༢༩ ནས་ཕྱི་ལོ་ ༢༠༠༣ ཟླ་ ༩ ཚེས་ ༢༤ བར་བཙན་བྱོལ་བོད་མི་མང་སྤྱི་འཐུས་སམ་ཁྲིམས་བཟོ་ལྷན་ཚོགས་སྐབས་བཅུ་གཅིག་པ་དང་། བཅུ་གཉིས་པ། བཅུ་གསུམ་པ་བཅས་ཀྱི་ནང་གཡུང་དྲུང་བོན་གྱི་སྤྱི་འཐུས་སུ་འོས་ཐོན་བྱུང་བ་ལྟར་མཛད་ཁུར་བཞེས། ལྷག་པར་དུ་སྐབས་བཅུ་གཅིག་པའི་བོད་མི་མང་སྤྱི་འཐུས་ཚོགས་གཞོན་གྱི་འགན་ཁུར་བཞེས་གནང་བ་དང་། སླར་ཡང་ཕྱི་ལོ་ ༢༠༠༡ ཟླ་ ༠༦ ཚེས་ ༠༡ ནས་ཕྱི་ལོ་ ༢༠༠༡ ཟླ་ ༩ ཚེས་ ༢༤ བར་སྐབས་བཅུ་གསུམ་པའི་ནང་སྤྱི་འཐུས་ཚོགས་གཞོན་གྱི་ཐུགས་འགན་བཞེས་པའི་སྐབས་ཆེས་མཐོའི་ཁྲིམས་ཞིབ་པར་འོས་ཐོན་བྱུང་མཚམས་དགོངས་ཞུ་གནང་།
ཕྱི་ལོ་ ༢༠༠༡ ཟླ་ ༩ ཚེས་ ༢༦ ནས་ཕྱི་ལོ་ ༢༠༠༢ ཟླ་ ༩ ཚེས་ ༣༠ བར་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གྱི་ཐུགས་འགན་བཞེས་གནང་བ་དང་། ཕྱི་ལོ་ ༢༠༠༢ ཟླ་ ༡༠ ཚེས་ ༡ ནས་ ༢༠༠༤ ཟླ་ ༩ ཚེས་ ༢༨ བར་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མཛད་ཁུར་བཞེས་ཏེ་བགྲེས་ཡོལ་ལ་ཕེབས་གནང་། དེ་རྗེས་༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་ ༣༣ པ་རིན་པོ་མཆོག་གི་བཀའ་མངགས་ལྟར་བོད་ཀྱི་བོན་པོའི་ཚོགས་པའི་ཚོགས་གཞོན་གྱི་འགན་འཁུར་ལོ་མང་རིང་གནང་བ་དང་བར་སྐབས་ནས་སྙུང་མནར་གྱིས་མཐར་ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༢༨ དགོང་མོ་བོན་གཞིས་ཐོབ་རྒྱལ་གསར་པའི་བཞུགས་གནས་སུ་དགོངས་པ་རྫོགས་ཡོད་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།།
གསར་གནས།
འབྲེལ་གནས།