༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༩ ཚེས་ ༡༧ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་ན་རེནྡྲ་མོ་དྷི་མཆོག་གི་སྐྱེས་སྐར་ལ་འཚམས་འཕྲིན་སྩལ་ཡོད།
དེ་ཡང་མགོན་པོ་མཆོག་གིས། རྒྱ་གར་གྱི་གནའ་བོའི་ལྟ་གྲུབ་འཚེ་བ་མེད་པ་དང་། སྙིང་རྗེའི་འཛམ་གླིང་གི་རྒྱལ་ཁབ་ཡོངས་ལ་མིག་དཔེ་བཟང་པོ་ཞིག་བསྟན་ཡོད། དེ་བཞིན་རྒྱ་གར་གྱི་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་དང་། ནུས་པ་ལྡན་པའི་མང་གཙོའི་ལམ་ལུགས་བརྒྱུད་འཛམ་གླིང་སྟེང་ཞི་བདེ་ཡོང་ཐབས་སུ་ཤུགས་རྐྱེན་གལ་ཆེན་ཞིག་སྤྲོད་ཐུབ་ངེས་ཡིན། དེ་རིང་གོ་སྐབས་འདི་དང་བསྟུན་ནས་ངོས་ཀྱིས་རྒྱ་གར་གཞུང་མང་གཉིས་ནས་ངོས་དང་བོད་མི་རྣམས་ལ་ལོ་ངོ་ ༦༥ ལྷག་རིང་བཙན་བྱོལ་དུ་མཐུན་འགྱུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན།
དེ་བཞིན་མགོན་པོ་མཆོག་གིས་སྲིད་བློན་ན་ན་རེནྡྲ་མོ་དྷི་མཆོག་སྐུ་ཁམས་བདེ་ཐང་དང་། མ་འོངས་ཞི་བདེ་དང་སྙིང་རྗེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་པར་བྱ་བ་ལམ་ལྷོངས་ཡོང་བའི་སྨོན་འདུན་མཛད་ཡོད། །