༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༩ ཚེས་ ༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་དུ་ཧྥི་ལི་པིན་ (Philippines) རཱ་མོན་མེག་སེ་སེ་གཟེངས་རྟགས་ (Ramon Magsaysay Award) ཐེབས་རྩའི་འགན་འཛིན་ལྷན་ཚོགས་དང་། ཐེབས་རྩའི་ཚོགས་མི། རཱ་མོན་མེག་སེ་སེ་གཟེངས་རྟགས་ཐོབ་མྱོང་མཁན་རྒྱ་གར་བ་བཞི་དང་། ཧྥི་ལི་པིན་གྱི་མི་གཉིས། གཞན་ཡང་སྐུ་མགྲོན་སོགས་མི་གྲངས་ ༥༠ ལ་མགོན་པོ་གང་ཉིད་མཆོག་གིས་རཱ་མོན་མེག་སེ་སེ་གཟེངས་རྟགས་འབུལ་བཞེས་བསྐྱངས་ནས་མི་ལོ་རེ་ལྔ་འཁོར་བའི་དུས་ཆེན་དང་འབྲེལ་མཇལ་ཁ་དང་བཀའ་སློབ་སྩལ་དོན། ངོས་རང་སྐྱེ་ས་མདོ་སྨད་ས་ཁུལ་དུ་སྐྱེས་པ་རེད། དེ་ནས་ཡར་ལྷ་སར་སླེབས་ནས་དཔེ་ཆར་བལྟས། དགེ་བའི་བཤེས་གཉེན་བསམ་གྱིས་མི་ཁྱབ་པ་ཁོང་རྣམ་པའི་བཀའ་དྲིན་ལ་བརྟེན་ནས་དཔེ་ཆ་གང་འཚམས་བལྟ་རྒྱུ་བྱུང་སྟེ་སློབ་གཉེར་ཡག་པོ་བྱས་པ་ཡིན། རིམ་པར་གྲྭ་སར་གྲྭ་སྐོར་བཞག་པའི་མཚམས་སུ་དུས་ཀྱི་འགྱུར་བའི་དབང་གིས་རྒྱ་གར་དུ་བཙན་བྱོལ་དུ་འབྱོར་བ་དང་། རྒྱ་གར་དུ་འབྱོར་རྗེས་དེ་སྔ་བོད་དུ་དཔེ་ཆར་བལྟས་པ་དེས་ཕན་ཐོགས་རྒྱ་ཆེར་བྱུང་།
དེ་ཡང་ཕྱི་ལོ་ ༢༠༢༣ ཟླ་བ་ ༤ ཚེས་ ༢༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱི་ལོ་ ༡༩༥༩ རེ་མོན་མེག་སེ་སེ་གཟེངས་རྟགས་ (1959 Ramon Magsaysay Award) ཕུལ་ནས་ལོ་ངོ་ ༦༤ འཁོར་བའི་དུས་དྲན་དང་བསྟུན་ཧྥི་ལི་པིན་ (Philippines) རཱ་མོན་མེག་སེ་སེ་གཟེངས་རྟགས་ཐེབས་རྩའི་ཚོགས་མི་རྣམས་རྡ་ས་བཞུགས་སྒར་ཕོ་བྲང་དུ་ཆེད་བཅར་གྱིས་གཟེངས་རྟགས་དངོས་སུ་ཕྱག་འབུལ་དང་མཇལ་ཁ་ཞུས་ཡོད་པ་དང་། སྐབས་དེར་ཐེབས་རྩའི་ཚོགས་གཙོ་ནས་༸གོང་ས་མཆོག་ནི་སྐབས་དེར་གཟེངས་རྟགས་འདི་བཞེས་མཁན་གྱི་དགུང་ལོ་ཆེས་གཞོན་ཤོས་ཡིན་པ་དང་། ད་བར་གཟེངས་རྟགས་བཞེས་མཁན་ ༣༤༤ བྱུང་ཡོད། གཟེངས་རྟགས་བཞེས་མཁན་ ༣༥༠ བྱུང་མཚམས་གཟེངས་རྟགས་མཛད་སྒོ་དང་འབྲེལ་ད་བར་གཟེངས་རྟགས་བཞེས་མཁན་གྱི་ལོ་རྒྱུས་དང་། སྐུ་པར། གསུང་འཕྲིན་བཅས་ཡོད་པའི་ཆེད་དེབ་དཔར་བསྐྲུན་སོགས་ཀྱི་ལས་རིམ་ཡོད་པ་༸སྙན་སེང་དང་འབྲེལ་༸གོང་ས་མཆོག་གིས་གཞོན་སྐྱེས་ལ་དམིགས་པའི་གསུང་འཕྲིན་ཞིག་གསོལ་སྩལ་ཡོང་བའི་སྐྱབས་འཇུག་ཞུས་ཡོད་པ་དང་། དེ་རིང་པོད་བདུན་ལས་གྲུབ་པའི་དཔེ་དེབ་ “Greatness of Spirit” ཞེས་པ་ཞིག་དབུ་འབྱེད་ཀྱིས། མགོན་པོ་༸གང་ཉིད་མཆོག་ལ་གཟེངས་རྟགས་དེ་ཉིད་འབུལ་བཞེས་མཛད་དེ་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་ཡོད་པ་རེད།
གཟེངས་རྟགས་འདི་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཛ་དྲག་ཆེན་པོའི་སྐབས་སུ་སྤྱི་ཚོགས་དང་ཆོས་ལུགས། རིག་གཞུང་སྲུང་སྐྱོབ་བཅས་ལ་མཆོག་གྱུར་གྱི་དབུ་ཁྲིད་གནང་བར་ཕུལ་བ་ཞིག་ཡིན་པ་དང་། ཕྱི་ལོ་ ༡༩༥༩ ཟླ་ ༨ ཚེས་ ༣༡ ཉིན་སྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ་མཆོག་གིས་༸གོང་ས་མཆོག་གི་སྐུ་ཚབ་གནང་སྟེ། ཧྥི་ལི་པིན་སིའི་རྒྱལ་ས་མཱ་ནེ་ལཱ་རུ་བཞེས་གནང་ཡོད་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་བཞེས་གནང་བའི་རྒྱལ་སྤྱིའི་སྟེང་སྙན་གྲགས་ཡོད་པའི་གཟེངས་རྟགས་ཐོག་མའང་ཆགས་ཡོད་པ་རེད། །