༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༡༡ ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༩ ཚེས་ ༡༨ ཉིན་གྱི་སྔ་དྲོ་ཚོགས་ཐུན་དང་པོའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དབུ་བཞུགས་དང་། ཚོགས་ཐུན་གཉིས་པ་ནས་བཟུང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་བདུན་པ་ཚོགས་གནང་སོང་།
དེ་ཡང་སྔ་དྲོ་མུ་མཐུད་ཕྱི་དྲིལ་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༣་་་༢༤ ལོའི་ལོ་འཁོར་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་གནང་ཞིང་། སྐབས་དེར་སྤྱི་འཐུས་རྣམ་པས་ཕྱི་དྲིལ་ལས་ཁུངས་ཀྱི་ལས་དོན་ལ་བསྔགས་བརྗོད་དང་འབྲེལ། རྒྱལ་སྤྱིའི་ནང་བོད་ཀྱི་གནད་དོན་ཇི་ཙམ་གལ་གནད་ཆེན་པོ་ཡིན་པའི་བགྲོ་གླེང་གི་ལས་རིམ་གོ་སྒྲིག་ཞུ་ཐབས་དང་། རྒྱ་གར་གཙོས་པའི་རྒྱལ་སྤྱིའི་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ཀྱིས་བོད་དོན་ཐོག་ད་བར་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། མུ་མཐུད་ཁོང་རྣམས་བརྒྱུད་བོད་དོན་ཞུ་སྐུལ་གནང་ཐབས། གཉིས་སྨན་དབུ་མའི་ལམ་གྱི་སྐོར། ཕ་རན་སིའི་ནང་འགྲེམས་སྟོན་ཁང་གཉིས་ཀྱིས་ཨིན་ཡིག་ཐོག་བོད་ (Tibet) ཞེས་པའི་ཚབ་ཏུ་ (Xizang) ཞེས་བེད་སྤྱོད་བཏང་བའི་ཐོག་བོད་མིའི་སྒྲིག་འཛུགས་ངོས་ནས་དགག་ལན་གནང་ཡོད་མེད། ཁེ་ན་ཊ་བོད་དོན་ལྷན་ཚོགས་ (Canada Tibet Committee) ཀྱི་ཐོག་ནས་ཁེ་ན་ཊའི་གྲོས་ཚོགས་འཐུས་མི་རྣམས་དང་འབྲེལ་མཐུད་ཀྱིས་བོད་དོན་ཞུ་སྐུལ་གནང་རྒྱུ་སོགས་ལས་དོན་གནང་ཕྱོགས་ལ་བསྔགས་བརྗོད་དང་། བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཐོག་ནས་མུ་མཐུད་མཐུན་འགྱུར་གང་ཐུབ་གནང་དགོས་པ། བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་ཡོང་བར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་རྣམས་ཀྱིས་ཚད་མཐོའི་རྒྱབ་སྐྱོར་གནང་བ་དང་། བོད་མིའི་སྒྲིག་འཛུགས་གཙོས་པའི་དེའི་ཐོག་ཕྱག་ལས་གནང་མཁན་བཅས་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ། རྒྱ་གར་གྱི་གྲོས་ཚོགས་ནང་བོད་དོན་སྐོར་གང་མང་གླེང་སློང་ཡོང་ཐབས། ལྡི་ལི་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འབྲེལ་མཐུད་ཀྱི་ནུས་པ་ཤུགས་ཆེར་གཏོང་དགོས་པ། དང་བླངས་བོད་དོན་ཞུ་གཏུག་ (V-TAG) གི་ལས་འགུལ་ཐོག་མཉམ་ཞུགས་གནང་མཁན་གཞོན་སྐྱེས་རྣམས་ཀྱི་ལས་འགུལ་སྤེལ་ཕྱོགས་ལ་བསྔགས་བརྗོད་དང་མུ་མཐུད་ལས་གཞི་དེ་བཞིན་རྒྱ་སྐྱེད་གཏོང་དགོས་པ་སོགས་ཀྱི་ཐོག་དོགས་འདྲི་དང་། དགོངས་ཚུལ་གསུངས་པར།དཔལ་ལྡན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས། ཕ་རན་སིའི་ནང་འགྲེམས་སྟོན་ཁང་གཉིས་ཀྱིས་ཨིན་ཡིག་ཐོག་བོད་ (Tibet) ཞེས་པའི་ཚབ་ཏུ་ (Xizang) ཞེས་བེད་སྤྱོད་བཏང་བའི་ཐོག་ལ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་འགྲེམས་སྟོན་ཁང་ནས་དེར་དགག་བྱའི་ཞུ་ཡིག་འབུལ་འཆར་ཡོད་པ་སོགས་བོད་མིའི་སྒྲིག་འཛུགས་ངོས་ནས་གདོང་ལེན་གནང་བཞིན་ཡོད་པའི་སྐོར་དང་། རྒྱ་ནག་དམར་གཞུང་འོག འགྲོ་བ་མིའི་ཐོབ་ཐང་མེད་པ་དང་གཉའ་གནོན་མྱོང་མཁན་མང་པོ་ཞིག་ཡོད་པའི་ཆ་ནས་ཇི་ནི་ཝ་གླེང་སྟེགས་ (Geneva Forum) ཞེས་མིང་བཏགས་པའི་སྐོར་སོགས་འགྲེལ་བརྗོད་གནང་རྗེས། ཕྱི་དྲིལ་ལས་ཁུངས་མ་ལག་དང་བཅས་པའི་ལོ་འཁོར་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་མཇུག་བསྒྲིལ་གནང་སོང་།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་དང་། འཕྲོད་བསྟེན་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་འཕྲོད་བསྟེན་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༣་་་༢༤ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་བ་དང་། སྤྱི་འཐུས་རྒྱུན་ལས་ཀྱིས་འཕྲོད་བསྟེན་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༣་་་༢༤ ལོའི་ལོ་འཁོར་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས་ཀྱིས་སྙན་སྒྲོན་དང་། དེ་བཞིན་གོང་གསལ་ལས་བསྡོམས་དང་། ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོན་ཟིན་པ་རྣམས་ལ་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བར། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་ལགས་ཀྱིས་རྒྱབ་སྐྱོར་གནང་རྗེས། འཕྲོད་བསྟེན་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་གནང་ཞིང་།དེའི་སྐབས་སྤྱི་འཐུས་རྣམ་པས། དགོན་སྡེ་ཁག་གི་དཔེ་ཁྲིད་དགེ་རྒན་རྣམས་ལ་འཕྲོད་བསྟེན་ལས་ཁུངས་ཀྱི་ཐོག་ནས་མཐུན་འགྱུར་ཇི་ལྟར་གནང་མིན་སྐོར་དང་། སྨན་བཅོས་ལྟ་སྐྱོང་ལས་གཞིའི་སྐོར། སེམས་ཁམས་འཕྲོད་བསྟེན་གྱི་དཀའ་ངལ་ཡོད་མཁན་རྣམས་ལ་ནང་ཆོས་ཀྱི་ཐོག་ནས་དཀའ་སེལ་གནང་ཐབས། སྨན་རྩིས་ཁང་གི་ཆོད་གན་ལས་བྱེད་རྣམས་གཏན་འཇགས་ལས་བྱེད་བཟོ་ཐབས། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་སྐོར། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ངོས་ནས་རྩེད་རིགས་གཞན་གོ་སྒྲིག་ཞུ་གི་ཡོད་མིན་སོགས་ཀྱི་ཐོག་དོགས་འདྲི་དང་། དགོངས་ཚུལ་གསུངས་པར། དཔལ་ལྡན་སྲིད་སྐྱོང་དང་། འཕྲོད་བསྟེན་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་གནང་རྗེས། འཕྲོད་བསྟེན་ལས་ཁུངས་མ་ལག་དང་བཅས་པའི་ལོ་འཁོར་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་མཇུག་བསྒྲིལ་གནང་སོང་།ཁྲིམས་བཟོའི་ལས་དོན་སྐབས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་སོ་བདུན་པའི་ ༡ པོའི་ “ཁ“ དང་། དོན་ཚན་རེ་གསུམ་པའི་ ༢ པའི་ “ག“ ཡི་ཐོག་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཡིག་ཆ་ཨང་ ༣༡ པ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་བཏོན་གནང་བར། དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་རྒྱབ་སྐྱོར་གནང་རྗེས། བརྗོད་པ་དང་པོའི་ལས་རིམ་སྐབས་འཆར་ཟིན་གྱི་ཚིག་དོན་ལ་གསལ་བཤད་དང་། ཆ་རྐྱེན་སོ་སོའི་དགོས་པ་དང་དམིགས་ཡུལ་ཁྱབ་ཚད་བཅས་ཀྱི་སྐོར་འགྲེལ་བརྗོད་དགོས་རིགས་གནང་སྟེ་བརྗོད་པ་དང་པོ་ཟིན་པ་དང་། དེ་ནས་ཡིག་ཆ་ཨང་། ༣༢ པ། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་འཕོ་འགྱུར་དང་འབྲེལ་བའི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་ཐོག་བསྐྱར་ཞིབ་ཆེད་འཛུགས་ཚོགས་ཆུང་གི་ལས་བསྡོམས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་ལེའུ་བཅུ་བདུན་པའི་དོན་ཚན་དོན་ལྔ་པ་དང་། དོན་དྲུག་པའི་ཐོག་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་སྙན་སྒྲོན་གནང་བ་དང་། ཚོགས་དྲུང་སྤྱི་འཐུས་ཀརྨ་དགེ་ལེགས་ལགས་ཀྱིས་རྒྱབ་སྐྱོར་གནང་རྗེས། བརྗོད་པ་དང་པོའི་ལས་རིམ་སྐབས་འཆར་ཟིན་གྱི་ཚིག་དོན་ལ་གསལ་བཤད་དང་། ཆ་རྐྱེན་སོ་སོའི་དགོས་པ་དང་དམིགས་ཡུལ་ཁྱབ་ཚད་བཅས་ཀྱི་སྐོར་འགྲེལ་བརྗོད་དགོས་རིགས་གནང་སྟེ་བརྗོད་པ་དང་པོ་ཟིན་པ་དང་། དེ་བཞིན་ཡིག་ཆ་ཨང་ ༣༤ མཛད་གཙོ་རྣམ་པའི་ཕོགས་དང་། ཟུར་ཕོགས། འགྲིམ་འགྲུལ། མཚན་དོད། ཉིན་རེའི་ལས་དོད་བཅས་ཀྱི་ཐོབ་ཐང་གི་སྒྲིག་གཞིར་བསྐྱར་བཅོས་ཀྱི་ཁྲིམས་འཆར་སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས་ཀྱིས་སྙན་སྒྲོན་གནང་བར། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་ལགས་ཀྱིས་རྒྱབ་སྐྱོར་གནང་རྗེས། བརྗོད་པ་དང་པོའི་ལས་རིམ་སྐབས་འཆར་ཟིན་གྱི་ཚིག་དོན་ལ་གསལ་བཤད་དང་། ཆ་རྐྱེན་སོ་སོའི་དགོས་པ་དང་དམིགས་ཡུལ་ཁྱབ་ཚད་བཅས་ཀྱི་སྐོར་འགྲེལ་བརྗོད་དགོས་རིགས་གནང་སྟེ་བརྗོད་པ་དང་པོ་ཟིན་ཡོད་པ་རེད། དེ་ཉིན་ལས་རིམ་སྐབས། བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ (Human Rights Network for Tibet and Taiwan) ཞེས་པའི་དྲུང་ཆེ་བཀྲ་ཤིས་ཚེ་རིང་ལགས་དང་། ཐེ་ཝན་ངལ་རྩོལ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་སན་ ཡུ་ ལ་ཡེན་ (SUN You-lian, Secretary-General of the Taiwan Labor Front) ལགས། ཁྲིམས་རྩོད་པ་དང་། ཐེ་ཝན་གཙུག་ལག་སློབ་གཉེར་ཁང་ཞིག་གི་ངལ་རྩོལ་ཁྲིམས་ཀྱི་སློབ་དཔོན་ལྕམ་སྐུ་ལེའོ་ ཧུཡེ་ཕང་ (Ms. LIAO Huifang, Lecturer in Labor Law, Ming Chuan University) ལགས་བཅས་གྲོས་ཚོགས་ཀྱི་ཟུར་ཉན་དུ་ཕེབས་པར་གྲོས་ཚོགས་ནས་དགའ་བསུ་ཞུས་གནང་ཡོད་པ་དང་།
དེ་རྗེས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་ལྷན་ཚོགས་གཙོའི་ལས་ཁུངས་སུ་མཇལ་འཕྲད་ཀྱིས་བོད་དོན་སྐོར་ངོ་སྤྲོད་དང་། ཐེ་ཝན་དང་བོད་མིའི་སྒྲིག་འཛུགས་དབར་མཉམ་རུབ་ཐོག་ལས་དོན་སྤེལ་ཕྱོགས་སྐོར་ལ་བཀའ་བསྡུར་གནང་ཡོད་པ་བཅས།།