༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༡༡ ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༩ ཚེས་ ༡༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་དྲུག་པ་ཚོགས་གནང་སོང་།
དེ་ཡང་སྔ་དྲོ་ལས་རིམ་སྔོན་མའི་འཕྲོས་མུ་མཐུད་ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༣་་་༢༤ ལོའི་ལོ་འཁོར་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་གནང་ཞིང་། སྐབས་དེར་སྤྱི་འཐུས་རྣམ་པས་བོད་མིའི་སློབ་གྲྭ་ཁག་གི་འདི་ལོའི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་གཟེངས་སུ་ཐོན་པར་འབྲེལ་ཡོད་ཡོངས་ལ་བསྔགས་བརྗོད་དང་། བྱིས་པའི་སྒྲུང་དེབ་མུ་མཐུད་པར་བསྐྲུན་ཞུ་དགོས་གལ། ཕྱི་རྒྱལ་ལ་ཡོད་པའི་གཟའ་མཇུག་སློབ་གྲྭའི་གལ་གནད་དང་སློབ་ཕྲུག་རྣམས་ཀྱི་སློབ་དེབ་ཕྱོགས་སྒྲིག་གནང་ཕྱོགས། ཨ་རིའི་མི་ནི་སོ་ཊའི་མངའ་སྡེའི་ནང་གསར་འཛུགས་བྱེད་འཆར་ཡོད་པའི་བོད་པའི་དམིགས་བསལ་སློབ་གྲྭ་ (Charter School) གནའ་དེང་ཤེས་ཡོན་བསྟི་གནས་ཁང་གི་ལས་གཞི་ལེགས་གྲུབ་ཡོང་རྒྱུར་ཕྱོགས་ཡོངས་ནས་རྒྱབ་སྐྱོར་དགོས་པ། ཤེས་རབ་དགའ་ཚལ་སློབ་གླིང་ནང་སློབ་ཞུགས་བྱ་རྒྱུའི་ལོ་ནའི་ཆ་རྐྱེན་སྤར་དགོས་སྐོར། ཤེས་རིག་ལས་ཁུངས་ཀྱི་ཟབ་སྦྱོང་གོ་སྒྲིག་ཞུ་སྐབས་བོད་ནང་གི་གནས་ཚུལ་དང་འབྲེལ་བའི་ཐོག་ལས་རིམ་བསྒྲིག་རྒྱུ་གལ་ཆེན་ཡིན་པ། སློབ་གྲྭ་ཁག་གི་ཆོད་གན་དང་འཕྲལ་སེལ་དགེ་རྒན་རྣམས་གཏན་འཇགས་ལས་བྱེད་བཟོ་ཐབས། སམ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་སློབ་ཕྲུག་གི་ཤེས་ཡོན་དང་ཕྱིའི་མཐུན་རྐྱེན་སོགས་གང་ཅིར་ཡག་པོ་ཆགས་ཡོད་པའི་སྐོར། འབུམ་རམས་པ་བསླབ་པ་མཐར་སོན་པ་རྣམས་ལ་ཆེ་བསྟོད་ལག་ཁྱེར་སྤྲོད་ཕྱོགས་སྐོར། སློབ་གྲྭ་ཁག་ནས་ཐོན་པའི་སློབ་ཕྲུག་རྣམས་ཀྱི་བོད་ཡིག་གི་རྨང་གཞི་དེ་ཙམ་ཡག་པོ་མེད་པའི་རྒྱུ་རྐྱེན་གཙོ་བོ་གང་ཡིན་མིན་ཐོག་ཞིབ་འཇུག་དགོས་པ། ཕྱི་རྒྱལ་ལ་ཡོད་པའི་སློབ་ཕྲུག་རྣམས་ཀྱི་སློབ་གྲྭའི་གུང་གསེང་སྐབས་དང་བསྟུན་བོད་ཡིག་དང་རིག་གཞུང་སོགས་སློབ་ཁྲིད་བྱ་རྒྱུའི་ལས་འཆར་མུ་མཐུད་སྤེལ་རྒྱུ་གལ་ཆེན་པོ་ཡིན་པ་སོགས་ཀྱི་ཐོག་དོགས་འདྲི་དང་། དགོངས་ཚུལ་གསུངས་པར། དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་གནང་རྗེས། ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༣་་་༢༤ ལོའི་ལོ་འཁོར་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་མཇུག་བསྒྲིལ་གནང་སོང་།
དེ་རྗེས་དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་བདེ་སྲུང་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༣་་་༢༤ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་བ་དང་། སྤྱི་འཐུས་རྒྱུན་ལས་ཀྱིས་བདེ་སྲུང་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༣་་་༢༤ ལོའི་ལོ་འཁོར་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་གིས་སྙན་སྒྲོན་དང་། དེ་བཞིན་གོང་གསལ་ལས་བསྡོམས་དང་། ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོན་ཟིན་པ་རྣམས་ལ་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བར། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་གིས་རྒྱབ་སྐྱོར་གནང་རྗེས། བདེ་སྲུང་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་གནང་ཞིང་།
དེའི་སྐབས་སྤྱི་འཐུས་རྣམ་པས། རྒྱ་གར་དབུས་ས་གཉིས་ཀྱི་གཞུང་དང་། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་འབྲེལ་ཡོད། བདེ་སྲུང་ལས་ཁུངས་བཅས་ཀྱི་ཐོག་ནས་༧རྒྱལ་བའི་སྐུ་ཕྱྭའི་ཐད་ཐུགས་འགན་གང་ཐུབ་བཞེས་པར་ཐུགས་རྗེ་ཆེ་ཞུས་དང་བསྔགས་བརྗོད་ཞུས་པ་དང་། ཨོ་གླིང་གཞིས་སྤོའི་ལས་གཞི་སྐོར། རྒྱ་གར་ནང་གཏན་སྡོད་ཆོག་པའི་ལག་ཁྱེར་ (RC) གསར་བཟོ་དང་། འཕར་འགྱངས་ཀྱི་དཀའ་ངལ་སེལ་ཐབས། བོད་ནང་གཉེན་འཕྲད་དུ་འགྲོ་མཁན་རྣམས་ལ་བོད་མིའི་སྒྲིག་འཛུགས་ངོས་ནས་ལམ་སྟོན་ཁ་གསལ་ཡོད་མེད་སྐོར། དཔལ་༧རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་རྒྱ་གར་ལ་ཚུར་ཕེབས་ཐུབ་རྒྱུར་འབྲེལ་ཡོད་རྒྱ་གར་གཞུང་ལ་མུ་མཐུད་ཞུ་སྐུལ་གནང་དགོས་པ། རྒྱ་ནག་གཞུང་གིས་བཙན་བྱོལ་ནང་ཡོད་པའི་བོད་མི་རྣམས་ལ་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ (Transnational Repression) བྱེད་བཞིན་པའི་གནས་སྟངས་སྐོར། ཕྱིར་ཐོན་ཡིག་ཆ་ (Exit Permit) དང་། ཕྱིར་ལོག་མཐོང་མཆན་ (Return Visa) ཞུ་ཕྱོགས་སོགས་དང་འབྲེལ་བའི་ཐོག་དོགས་འདྲི་དང་། དགོངས་ཚུལ་གསུངས་པར། དཔལ་ལྡན་བདེ་སྲུང་བཀའ་བློན་མཆོག་གིས་ཨོ་གླིང་གཞིས་སྤོའི་ལས་གཞི་སླར་གསོ་བྱུང་བ་དང་། བོད་ནང་གཉེན་འཕྲད་ཕེབས་མཁན་རྣམས་ཀྱི་ཆེད་ལམ་སྟོན་ཡིག་ཆ་ཞིག་གཏན་འབེབས་གནང་བའི་སྐོར། ༧རྒྱལ་བའི་སྐུ་ཕྱྭའི་ཐོག་སྔར་ལྷག་ཐུགས་གཟབ་གནང་རྒྱུ་ཡིན་པ་སོགས་ཀྱི་ལན་འདེབས་གསལ་བཤད་གནང་རྗེས། བདེ་སྲུང་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༣་་་༢༤ ལོའི་ལོ་འཁོར་ལས་བསྡོམས་ཐོག་སྤྱི་ཡོངས་ཀྱི་བགྲོ་གླེང་མཇུག་བསྒྲིལ་གནང་སོང་།
དེ་རྗེས་དཔལ་ལྡན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ཕྱི་དྲིལ་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༣་་་༢༤ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་བ་དང་། སྤྱི་འཐུས་རྒྱུན་ལས་ཀྱིས་ཕྱི་དྲིལ་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༣་་་༢༤ ལོའི་ལོ་འཁོར་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་མཆོག་གིས་སྙན་སྒྲོན་དང་། དེ་བཞིན་གོང་གསལ་ལས་བསྡོམས་དང་། ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོན་ཟིན་པ་རྣམས་ལ་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བར། སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་མཆོག་གིས་རྒྱབ་སྐྱོར་གནང་རྗེས། ཕྱི་དྲིལ་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་གནང་འགོ་འཛུགས་ཡོད་པ་བཅས། །