༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཤེས་རིག་ལས་ཁུངས་དང་བཀྲ་ཤིས་ལྷུན་པོ་གདན་ས་གཉིས་མཉམ་འབྲེལ་ཐོག་གོ་སྒྲིག་ཞུས་པའི་ཕྱི་ལོ་ ༢༠༢༤ ཟླ་ ༨ ཚེས་ ༢༨ ནས་ཟླ་ ༩ ཚེས་ ༤ བར་གྱི་ལྷོ་ཁུལ་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་མཇུག་བསྡུས།
མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོར་སེར་བྱེས་མཁས་སྙན་གྲྭ་ཚང་གི་དཔེ་ཁྲིད་རྒན་དགེ་བཤེས་ལྷ་རམས་བསོད་ནམས་དབང་ལྡན་ལགས་ཀྱིས་དབུས་པའི་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེ་རྣམ་པ་བཅས་ཚོགས་ཕེབས་གནང་ཡོད། མཛད་སྒོའི་ཐོག་མར་ཤེས་རིག་ལས་ཁུངས་ཀྱི་བོད་ཡིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ནས་འཚམས་འདྲི་དང་སྦྲགས་དབུ་འབྱེད་མཛད་སྒོའི་སྐབས་རིགས་ལམ་འདུ་འཛོམས་འདིིའི་ལས་རིམ་ངོ་སྤྲོད་ཞུས་པ་ལྟར། ཉིན་གྲངས་བརྒྱད་ཀྱི་ལས་དོན་མདོར་བསྡུས་ངོ་སྤྲོད་གནང་རྗེས། རིགས་ལམ་འདུ་འཛོམས་ཚོགས་བཅར་བ་སློབ་ཕྲུག་སྐུ་ཚབ་གཅིག་ནས་རིགས་ལམ་འདུ་འཛོམས་འདི་ནས་བློ་བསྐྱེད་ཇི་བྱུང་སྐོར་མྱོང་ཚོར་གསུང་སྐབས། ངོས་རང་རིགས་ལམ་འདུ་འཛོམས་འདིར་མཉམ་ཞུགས་བྱེད་སྐབས་ཐོག་མར་སེམས་ནང་དངངས་འཚབ་ཕྲན་བུ་བྱུང་ཡང་། ཉི་མ་རེ་རེ་བཞིན་རིགས་ལམ་གྱི་ལས་རིམ་ནང་ཞུགས་དུས་སེམས་ཀྱི་དངངས་འཚབ་ཀྱང་ཆུང་དུ་ཕྱིན་པ་དང་རྟགས་གསལ་གཏོང་རྒྱུའི་འདུན་པ་ཆེ་རུ་འགྲོ་བ་སོགས་ཀྱི་ཚོར་བ་ཧ་ཅང་ཡག་པོ་བྱུང་། ལྷག་པར་ཚོགས་བཅར་བ་སློབ་གྲོགས་རྣམས་ཀྱང་རིགས་པ་ཚ་ཞིང་ཀུན་སྤྱོད་དང་འགྲོགས་འདྲིས་བདེ་བ་སོགས་ཀྱིས་ཕན་ཚུན་བརྗོད་གཞི་འདྲ་མིན་ཐོག་རྟགས་གསལ་བཏང་སྟེ་བློ་བསྐྱེད་ཆེན་པོ་བྱུང་བས། ཤེས་རིག་ལས་ཁུངས་དང་བཀྲ་ཤིས་ལྷུན་པོ་གྲྭ་ཚང་བཅས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་གསུངས།
དེ་ནས་ལྟ་གྲུབ་དགེ་རྒན་གྱི་སྐུ་ཚབ་གཅིག་གིས་མྱོང་ཚོར་གསུང་སྐབས་རིགས་ལམ་འདུ་འཛོམས་འདི་ལ་འཇང་དགུན་ཆོས་ཟེར་ནའང་མ་འགྲིགས་པ་མེད་པ་དང་། རིགས་ལམ་འདུ་འཛོམས་སྐབས་འཇང་དགུན་ཆོས་ལྟར་རྩོད་ཟླ་སྒྲིག་པ་དང་། དམ་བཅའ་ཚོགས་ཏེ་བརྗོད་གཞི་འདྲ་མིན་ཐོག་རིགས་པས་བརྡར་ཤ་གཅོད་ཀྱི་ཡོད་པ་རེད། ང་ཚོས་ཆོས་ར་མཇལ་བ་ཙམ་གྱིས་བསོད་ནམས་གསོག་ཅིང་རིགས་པའི་སྒོ་འབྱེད་ཀྱི་ཡོད་པ་བཤད་སྲོལ་ཡོད་ལ། སློབ་ཕྲུག་ཚོས་ཆོས་རའི་ནང་དངོས་སུ་རྟགས་གསལ་གཏོང་རྒྱུ་བྱུང་བ་ནི་ངེས་པར་དུ་བསོད་ནམས་བསགས་པ་དང་ཆབས་ཅིག་ཕན་ཐོགས་ཆེན་པོ་བྱུང་ཡོད་པའི་ཡིད་ཆེས་ཡོད། སྤྱིར་མི་ཞིག་ལ་དངུལ་སྤྲད་པ་དེས་དགའ་སྣང་དང་ཕན་ཐོགས་ཡོང་གི་ཡོད་ཀྱང་། དགའ་སྣང་དེ་གནས་སྐབས་ཤིག་དང་། ཆོས་རའི་ནང་ཁྱེད་ཚོས་དཀར་པོ་ཆོས་ཅན་ཁ་དོག་ཡིན་པར་ཐལ་ཞེས་པའི་སྐབས་ཤེས་རབ་ཀྱི་ལེགས་སྐྱེས་སྤྲད་པ་དང་གཅིག་པ་ཡིན་སྟབས་དེའི་ཕན་ཐོགས་ཀྱང་རྒྱ་ཆེ་བ་ཡོད། རྟགས་གསལ་གཏོང་བ་ནི་རིགས་པའི་སྒོ་འབྱེད་པ་ཙམ་མ་ཟད་སྒོམ་སྦྱོང་བ་དང་ཁྱད་པར་མེད་པ་དང་། དེའི་ནང་ནས་ཀྱང་ཕན་ཚུན་རིགས་པ་དང་རྒྱུ་མཚན་བཀོད་དེ་བགྲོ་གླེང་བྱེད་པ་དེས་དཔྱད་སྒོམ་བྱེད་པ་དང་ཁྱད་པར་མེད་པ་སོགས་ཀྱི་མྱོང་ཚོར་གསུངས།དེ་ནས་སྐུ་མགྲོན་གཙོ་བོ་སེར་བྱེས་མཁས་སྙན་གྲྭ་ཚང་གི་དཔེ་ཁྲིད་རྒན་ལྷ་རམས་བསོད་ནམས་དབང་ལྡན་ལགས་ཀྱིས་ཚོགས་བཅར་བ་རྣམས་ལ་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་རིགས་ལམ་འདུ་འཛོམས་ཚོགས་ཏེ་ཉིན་གྲངས་མང་པོའི་རིང་དཀའ་ལས་ཆེན་པོ་བརྒྱབ་ནས་གྲུབ་འབྲས་ཀྱང་ཆེན་པོ་ཐོབ་པ་དེ་ལ་སོ་སོས་དགའ་བ་སྒོམ་དགོས་པའི་དུས་ཚོད་ཅིག་རེད་གསུངས། རིགས་ལམ་གལ་ཆེན་པོ་ཡིན་སྟངས་ཇི་ལྟར་ཡིན་ཞེ་ན། རིགས་ལམ་ཡག་པོ་ཞིག་ཤེས་ན་སོ་སོས་རྗེས་མ་སློབ་ཚན་གང་འདྲ་ཞིག་སྦྱངས་ཀྱང་བསམ་བློ་གཏོང་སྟངས་མི་འདྲ་བ་ཆགས་ཀྱི་ཡོད། དེའི་བརྒྱུད་ཤེས་རབ་མྱུར་བ། ཟབ་པ། ཕྱེ་བ། གསལ་བ་བཅས་བཞི་འཕེལ་གྱི་ཡོད། དེ་སྐོར་འགྲེལ་བཤད་མདོར་བསྡུས་ཤིག་བརྒྱབ་ན། ཤེས་རབ་མྱུར་བ་ཞེས་པ་ནི་བསམ་བློ་མགྱོགས་པོ་འཁོར་ཐུབ་མཁན་དང་། ཤེས་རབ་ཟབ་པ་ཞེས་པ་ནི་མི་གཞན་གྱིས་བསམ་བློར་མ་འཁོར་བ་ཞིག་ལ་བསམ་བློ་གཏིང་ཟབ་པོ་གཏོང་ཐུབ་པ། དཔེར་ན་ཆོས་ཅན་གཅིག་ཡིན་ནའང་མི་རང་ག་བ་གཅིག་དང་ཤེས་རབ་ཟབ་པོ་ཡོད་མཁན་གཉིས་དབར་བསམ་བློ་གཏིང་ཟབ་ལོད་ཀྱི་ཁྱད་པར་ཡོད། ཤེས་རབ་ཕྱེ་བ་ཞེས་པ་ནི་ཡག་སྡུག་དང་བླང་དོར་གྱི་དབྱེ་བ་འབྱེད་ཐུབ་པའི་ནུས་པ་དང་ཡོན་ཏན་དེ་ལ་ཟེར། དཔེར་ན་གྲོགས་པོ་ནང་ཁུལ་ནས་གྲོགས་པོ་སྤྱོད་པ་ངན་པ་རིགས་སྤང་བྱ་དང་གྲོགས་པོ་སྤྱོད་པ་ཡག་པོ་རིགས་བླང་ཐུབ་པ་སྟེ། བླང་དོར་ཡག་པོ་ཤེས་མཁན་ཞིག་ཡིན་ན། མི་ཚེའི་ནང་གི་དཀའ་ངལ་མང་པོ་ཞིག་བསལ་ཐུབ་ཀྱི་རེད། དེ་ནས་ཤེས་རབ་གསལ་བ་ཞེས་པ་ནི། ཆ་ཤས་ཕྲ་ཞིང་ཕྲ་བ་རྣམས་མ་འདྲེས་པར་དཔྱད་ཐུབ་པ་ལ་ཟེར་ཞིང་། དཔེར་ན་ཚན་རིག་གི་དེབ་ཅིག་ནང་བརྗོད་གཞི་མང་པོ་བསྲེས་ནས་ཡོད་ན། དེ་སྐྱེ་དངོས་རིག་པའི་ཁོངས་གཏོགས་རེད། དེ་དངོས་ཁམས་རིག་པ་དང་། དེ་རྫས་སྦྱོར་རིག་པ་རེད་ཅེས་སྡེ་ཚན་སོ་སོར་འབྱེད་ཐུབ་པའི་ནུས་པ་ནི་སློབ་སྦྱོང་བྱེད་མཁན་ལ་དགོས་རྒྱུ་གལ་ཆེན་པོ་རེད། དེ་ལྟ་བུའི་ནུས་པའམ་ཡོན་ཏན་རྣམས་རིགས་ལམ་ནས་ཡོང་གི་ཡོད། ནང་ཆོས་ནང་གསུངས་པའི་ཤེས་རབ་མྱུར་བ་ཟབ་པ་ཕྱེ་བ་གསལ་བ་བཞི་ནི་ཚེ་འདི་ཙམ་མ་ཟད་ཚེ་ཕྱི་མ་ལའང་ཕན་ཐོགས་ཡོད་པ་ཞིག་རེད། དེས་ན་ནང་པས་སྐྱེ་བ་རྗེས་མ་ཕན་ཆད་ལ་བསམ་བློ་གཏོང་ཞིང་གྲ་སྒྲིག་བྱེད་ཀྱི་ཡོད། ནང་པའི་དམིགས་ཡུལ་དང་ཕྱི་རོལ་པའི་དམིགས་ཡུལ་གཉིས་རྩ་ནས་འདྲ་ཡི་མ་རེད། ང་ཚོ་ཚང་མ་ལོ་བརྒྱའི་ནང་འཆི་འགྲོ་མཁན་ཞིག་ཡིན་སྟབས། ལོ་བརྒྱ་ཕན་ཆད་ལ་དཀའ་ངལ་མི་ཡོང་བའི་ཆེད་དུ་ཚེ་འདིའི་ལོ་བརྒྱ་བེད་སྤྱོད་བྱས་ཏེ་སྡིག་པ་སྤོང་དགོས་ཀྱི་འདུག དགེ་བ་སྒྲུབ་དགོས་ཀྱི་འདུག་བསམས་ཏེ་སྐྱེ་བ་རྗེས་མ་ཡག་པོ་ཡོང་བའི་ཐབས་ཤེས་བྱེད་ཀྱི་ཡོད། ནང་ཆོས་གསུང་མཁན་སངས་རྒྱས་ནི་དེ་ཡི་གོང་ན་མེད་པའི་མཁས་པ་ཞིག་ཡིན། འཛམ་གླིང་འདི་སྟེང་བསླབ་བྱ་རྒྱབ་མཁན་གྱི་མཁས་པ་མང་པོ་ཡོད་པ་རེད། མཁས་པ་དེ་ཚོས་གསུངས་པའི་བསླབ་བྱ་རྣམས་ལོ་བརྒྱ་ནང་ཚུད་ཀྱི་བསླབ་བྱ་ཁོ་ན་ཡིན། འོན་ཀྱང་སངས་རྒྱས་ཀྱི་གསུངས་པའི་བསླབ་བྱ་རྣམས་ལོ་བརྒྱ་ཕན་ཆད་དང་སྐྱེ་བ་མང་པོར་ཕན་པའི་བསླབ་བྱ་ཡིན། དེས་ན་ཤེས་རབ་མྱུར་བ་ཟབ་པ་ཕྱེ་བ་གསལ་བ་རྣམས་ཚེ་འདིར་ག་ཚོད་ཐུབ་ཐུབ་ཀྱིས་ཐོབ་ཐབས་བྱེད་དགོས། ཡོན་ཏན་འདི་རྣམས་ཐོབ་པར་རིགས་ལམ་དེ་ཐབས་ལམ་ཡག་པོ་ཞིག་ཡིན། སྤྱིར་བཏང་གནའ་སྔ་མོ་ནལནྡྲའི་མཁས་པ་ཚོས་རྟགས་གསལ་གཏོང་གི་ཡོད་པ་འདྲ། འོན་ཀྱང་ཁོང་ཚོས་མར་བཞུགས་ནས་བགྲོ་གླེང་གི་རྣམ་པ་ཙམ་ལས་ད་ལྟ་ང་ཚོ་བོད་པ་ཚོས་རྐང་པ་ལག་པ་བརྡབས་ཏེ་རྟགས་གསལ་གཏོང་སྟངས་དེ་ཕྱྭ་པ་ཆོས་ཀྱི་སེང་གེས་གསར་གཏོད་གནང་བ་རེད། དེ་ལྟ་བུའི་གསར་གཏོད་དེ་༸རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་གྱིས་འཛམ་བུ་གླིང་ཡོངས་སུ་རྫོགས་པར་ངོམ་ནས་འགྲོ་ཡ་ཡོད་པ་རེད། ང་ཚོ་ད་ལྟའི་ཆར་རང་བཙན་ཤོར་ནས་རྒྱལ་ཁབ་དང་ལུང་པ་མེད་པ་ཐབས་རྡུགས་ཉམས་དམའ་པོ་ཞིག་རེད་དེ། དེ་འདྲའི་གནས་སྐབས་ལའང་འཛམ་གླིང་གི་མི་རིགས་གཞན་དང་མཉམ་གཤིབས་ཀྱིས་འགྲོ་ཐུབ་པ་མ་ཟད། ད་དུང་ཁོ་ཚོར་སྣེ་འཁྲིད་ནས་འགྲོ་ཐུབ་པ་དེ་ག་རེ་བྱེད་ནས་ཡོང་བ་རེད་ཟེར་ན། རིགས་ལམ་དང་ནང་ཆོས་འདི་ལྟ་བུའི་བཀའ་དྲིན་ཡིན་པ་རེད། ང་ཚོས་མི་གཞན་གྱིས་གསུངས་བཞག་པ་དེ་ཚོ་སྦྱངས་ནས་འདོད་པ་ཚིམས་མ་སྡོད་པར་སོ་སོས་མུ་མཐུད་ནས་འབད་བརྩོན་བྱས་ནས་གསར་པ་མང་པོ་སྦྱོང་དགོས། སྔོན་གྱི་མཁས་པ་ཚོས་མ་མཐོང་བ་དང་། མ་དྲན་པ། མ་གོ་བ་མང་པོ་ལྷག་ཡོད། ང་ཚོའི་བརྡ་སྤྲོད་རིག་གནས་ལ་ཆ་བཞག་ནའང་ཧ་ཅང་མང་པོ་ལྷག་བསྡད་ཡོད།
དེས་ན་སོ་སོས་སློབ་སྦྱོང་ཡག་པོ་བྱེད་ནས་འགྲོ་བ་ཡིན་ན། རིག་གནས་གསར་པ་མང་པོ་ལྷག་ཡོད་པ་རེད། དཔེར་ན་ད་ལྟ་ཁྱེད་རང་ཚོས་རྟགས་གསལ་གཏོང་སྐབས་ཆུར་གནས་སེམས་ཅན་ཡིན་ན། སར་གནས་སེམས་ཅན་ཡིན་པས་ཁྱབ་པར་ཐལ་ཞེས་པ་ཚན་རིག་གི་སྐད་ཆ་རྣམས་རིགས་ལམ་ནང་བཅུག་ཐུབ་པ་བཞིན་མུ་མཐུད་འབད་བརྩོན་བྱེད་དགོས། ང་རང་ཚོའི་བསྡུས་གྲྭའི་སློབ་ཚན་ནང་ཁ་དོག་དཀར་པོ་དམར་པོ་སོགས་བརྗོད་བྱ་གཏིང་ཟབ་པོ་མིན་པར་ལས་སླ་པོ་བཞག་ནི། རིགས་ལམ་བསླབ་རྒྱུ་ཁོ་ནའི་ཆེད་དུ་རེད། མ་འོངས་པར་ཁ་དོག་དཀར་པོ་དམར་པོའི་ཚབ་ལ་བརྗོད་བྱ་ལྗིད་པོ་དེ་འདྲ་འཇུག་ཡ་ཡོད་པ་རེད། དེར་བརྟེན་མཁས་པ་གོང་མ་རྣམ་པས་ཚད་མ་རིག་པར་འགྲེལ་བཤད་བསྐྱོན་སྟངས་ནི། ཚད་མ་རིག་པ་ནི་སངས་རྒྱས་ཀྱི་བཀའ་ཡི་དགོངས་འགྲེལ་ཡིན། དགོངས་འགྲེལ་གྱི་ནང་ནས་དོན་རྣམ་པར་དག་བྱེད་ཀྱི་དགོངས་འགྲེལ་ཡིན། བརྡ་སྤྲོད་རིག་པ་སོགས་ནི་ཚིག་རྣམ་པར་དག་བྱེད་ཀྱི་དགོངས་འགྲེལ་ཡིན། དེས་ན་ཁྱེད་རང་ཚོས་བརྡ་སྤྲོད་སྦྱོངས་དང་ཚིག་རྣམ་པར་དག་པ་ཆགས་ཀྱི་རེད། ཚད་མ་རིག་པ་ཡག་པོ་སྦྱོངས་དང་དོན་རྣམ་པར་དག་བྱེད་ཆགས་ཀྱི་རེད་གསུངས། ཚིག་དོན་རྣམ་པར་དག་པ་ཆགས་སོང་ན་མཁས་པ་གཞན་གྱིས་བརྩམས་ཆོས་རྣམས་བཀླགས་པ་ཙམ་གྱིས་བརྒྱ་ཆ་བརྒྱད་ཅུ་ལྷག་དོན་རྟོགས་ཐུབ་ཀྱི་ཡོད། ལྷག་པར་དུ་དེབ་ཅིག་བརྗོད་བྱ་གཏིང་ཟབ་པོ་མེད་པ་ཞིག་ཡིན་ན་ཐེངས་གཅིག་བཀླགས་པ་ཙམ་གྱིས་དོན་ཆ་ཚང་གོ་ཡི་རེད།
དེ་རིང་འདིར་སླེབས་ཞོར་ལ་སྐད་ཆ་ཚིག་གཅིག་ཞུ་ན་བསམས་བྱུང་། ང་ཚོ་ཚང་མ་རང་བཙན་མེད་པའི་མི་རིགས་གཅིག་ཆགས་ཡོད་སྟབས། མི་རིགས་གཞན་དང་བསྡུར་ན་མགོ་ཡར་བཀྱག་ཡ་མེད་པ་ལྟ་བུ་ཆགས་པའི་སྐབས། ཡར་ལོངས་པར་ང་ཚོར་ལྟ་བ་ཞིག་ངེས་པར་དུ་དགོས་ཀྱི་འདུག ལྟ་བ་དེ་ག་རེ་རེད་ཟེར་ན། མི་རིགས་རིང་ལུགས་ཀྱི་ལྟ་བ་དེ་ངེས་པར་དུ་དགོས་ཀྱི་འདུག མི་རིགས་རིང་ལུགས་ཀྱི་ལྟ་བ་མེད་ན་མི་རིགས་དེ་ཤི་བ་དང་གཅིག་པ་རེད། ང་ཚོ་ཚང་མ་ད་ལྟའི་ཆར་རྒྱལ་ཁབ་ཤོར་བའི་མི་རིགས་ཤིག་ཡིན་སྟབས་མི་རིགས་རིང་ལུགས་ཀྱི་ལྟ་བ་དེ་ངེས་པར་དུ་དགོས་ཀྱི་འདུག མི་རིགས་རིང་ལུགས་ཀྱི་ལྟ་བ་དེ་སོ་སོའི་རྒྱུད་ལ་སླེབས་ན་བསམ་ཚུལ་གང་འདྲ་ཞིག་ཡོང་ས་རེད། དེ་ཚོའི་ཐོག་ངེས་པར་དུ་སློབ་སྦྱོང་ཏོག་ཙམ་བྱོས་དང་། རྗེས་མ་མི་རིགས་རིང་ལུགས་ཀྱི་ལྟ་བ་ཞིག་སླེབས་སོང་ན། སོ་སོའི་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་ལས་ཀ་བྱེད་མཁན་སྤུས་དག་ཅིག་ཆགས་ཀྱི་རེད། མི་རིགས་རིང་ལུགས་ཀྱི་ལྟ་བ་མེད་མཁན་ཞིག་ཡིན་ན། མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་ལས་ཀ་བྱེད་ཀྱི་མ་རེད། སོ་སོའི་གྲོད་ཁོག་རྒྱགས་ན་འགྲིགས་སོང་བསམ་གྱི་རེད། རང་བཙན་ཤོར་མཁན་གྱི་མི་རིགས་ཤིག་ཡིན་ཕྱིན་མི་རིགས་རིང་ལུགས་ཀྱི་ལྟ་བ་དེ་ངེས་པར་དུ་དགོས། དེ་མེད་ན་མི་རིགས་དེ་ནམ་ཡང་ཡར་ལངས་ཐུབ་ཀྱི་མ་རེད། ཨིན་ཇིས་རྒྱ་གར་བའི་མི་རིགས་ཀྱི་རིག་གཞུང་དང་ལྟ་བ་ལ་སྐྱོན་བཏང་བ་བཞིན། ད་ལྟའི་ཆར་རྒྱ་མིས་བོད་ནང་སྲིད་བྱུས་དེ་ལག་བསྟར་བྱེད་ཀྱི་ཡོད་པ་རེད། དཔེར་ན་རྒྱ་མིས་བོད་ཀྱི་ཕྲུ་གུ་ཆུང་ཆུང་དེ་ཚོ་གཏན་སྡོད་སློབ་གྲྭར་བསྐྱལ་ཏེ་བོད་ཡིག་མི་ཤེས་པ་མ་ཟད་བོད་སྐད་ཀྱང་མི་ཤེས་མཁན་བཟོས་ཏེ། བོད་མི་རིགས་ཀྱི་སྒལ་ཚིགས་གཅོག་གི་ཡོད་པ་རེད། འོན་ཀྱང་ཕྱི་ཕྱོགས་ནས་༸རྒྱལ་བ་རིན་པོ་ཆེ་དང་དེ་སྔ་བོད་ནང་༸པཎ་ཆེན་རིན་པོ་ཆེས་བོད་མི་རིགས་ཀྱི་དབུ་འཁྲིད་གནང་སྟེ་བོད་པའི་སྒལ་ཚིགས་དེ་ཡག་པོ་བསྐྱོར་ཏེ་འཆག་ཏུ་མ་བཅུག་པར། བོད་རང་བཙན་ཤོར་ཏེ་ལོ་མང་པོ་ཕྱིན་ཀྱང་མི་རིགས་ཀྱི་ལས་དོན་རྣམས་ཡག་ཐག་ཆོད་འགྲོ་ཐུབ་ཀྱི་ཡོད་པ་རེད། མ་འོངས་པར་ལོ་བཅུ་བཅོ་ལྔའི་རྗེས་སུ་ཁྱེད་རང་ཚོ་ཆང་ས་རྒྱབ་སྟེ་ཕ་མ་ཆགས་ཀྱི་རེད། དེ་སྐབས་ཁྱེད་ཚོ་མང་པོ་ཞིག་ཨ་རི་སོགས་སུ་སླེབས་སྲིད་པ་རེད། དེ་སྐབས་ཁྱེད་ཚོས་སོ་སོའི་ཕྲུ་གུར་བོད་སྐད་ཤུགས་ཆེན་པོ་བསླབས་མ་ཐུབ་ཀྱང་ཀ་ཁ་སྒྲ་དག་པོ་མཐར་ཕྱིན་པ་བསླབ་རོགས། ཆུང་དུས་ཀ་ཁ་ཡག་པོ་མ་བསླབས་པ་ཞིག་ཡིན་ན། བོད་པ་ཡིན་ཟེར་བ་མ་གཏོགས་བོད་སྐད་ཡག་པོ་རྒྱག་མ་ཐུབ་མཁན་ཞིག་ཆགས་ཀྱི་འདུག སྐད་ཡིག་གི་ངོ་བོའི་ཆ་ནས་བསམ་བློ་གཏོང་ན་ང་ཚོའི་སྐད་ཡིག་དེ་ཧ་ལས་པ་ཞིག་རེད་འདུག དཔེར་ན་བོད་པ་ཞིག་གིས་འཛམ་བུ་གླིང་གི་མི་རིགས་གཞན་གྱི་སྐད་རིགས་ཤིག་སྦྱངས་ན། སྐད་གདངས་ཇི་བཞིན་སྦྱང་ཐུབ་ཀྱི་ཡོད་པ་དེ་བོད་ཡིག་གི་བཀའ་དྲིན་ཡིན་པ་བཅས་སློབ་ཕྲུག་ཚོར་སློབ་གསོ་ལམ་སྟོན་ཟབ་ཅིང་གོ་བདེ་བ་གནང་།མཐར་བཀྲ་ཤིས་ལྷུན་པོའི་གདན་སའི་ཕྱག་མཛོད་དཀའ་ཆེན་འཇམ་དབྱངས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུ་དང་ཆབས་ཅིག་དགོངས་འཆར་ཁག་ཅིག་ཕེབས་པར། དེ་རིང་ཤེས་རིག་ལས་ཁུངས་དང་བཀྲ་ཤིས་ལྷུན་པོའི་གདན་ས་གཉིས་མཉམ་འབྲེལ་ཐོག་གོ་སྒྲིག་ཞུས་པའི་ལྷོ་ཁུལ་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་ཀྱི་མཇུག་བསྡོམས་སུ་ཕེབས་པའི་སྐུ་མགྲོན་གཙོ་བོ་མཆོག་ནས་སློབ་ཕྲུག་རྣམས་ལ་བླང་དོར་གྱི་ལམ་སྟོན་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་། གཞན་ཡང་སློབ་གྲྭ་ཁག་གི་ལྟ་གྲུབ་དགེ་རྒན་དང་ཚོགས་བཅར་བ་སློབ་ཕྲུག་ཡོངས་ལ་ཉིན་གྲངས་བདུན་རིང་དུས་ཚོད་ཆུད་ཟོས་སུ་མ་བཏང་བར་རིགས་ལམ་ཐོག་སྦྱོང་བརྡར་ཡག་པོ་གནང་བར་ཐུགས་རྗེ་ཆེ་གསུངས། དཀའ་ཆེན་འཇམ་དབྱངས་ལགས་ནས་གྲྭ་ཚང་གི་ལས་དོན་བྲེལ་བ་ཆེ་བའི་ཁྲོད་སྐབས་རེ་སློབ་ཕྲུག་ཚོའི་རིགས་ལམ་གྱི་ལས་རིམ་ཁག་ལ་དོ་སྣང་གིས་རྒྱུས་ལོན་བྱེད་སྐབས། དངོས་གནས་སློབ་ཕྲུག་ཚོས་རྟགས་གསལ་གཏོང་སྟངས་དང་འབད་བརྩོན་བྱེད་སྟངས་དེ་ཡི་རང་ཞུ་དགོས་པ་ཞིག་འདུག་ལ། ད་དུང་ཡང་མུ་མཐུད་སྦྱོང་བརྡར་གནང་རྒྱུ་གལ་ཆེ་བ་དང་། མ་འོངས་པར་སློབ་ཕྲུག་ཚོས་རིགས་ལམ་གྱི་འགྲོ་སྟངས་ཤེས་ཐོག་ལྟ་གྲུབ་རྒན་ལགས་རྣམ་པས་སློབ་ཕྲུག་ཚོར་རིགས་ལམ་གྱི་བརྒྱུད་ནས་ལམ་རིམ་དང་བློ་སྦྱོང་སོགས་ཀྱི་ནང་གསུངས་པའི་བློ་སྦྱོང་ཐབས་ཀྱི་སློབ་ཚན་ནམ་བརྗོད་གཞི་ཁག་སློབ་ཁྲིད་ཐུབ་ན། རིགས་ལམ་གྱིས་རིག་པ་གོང་འཕེལ་དང་བརྗོད་བྱའི་ཆ་ནས་སེམས་རྒྱུད་ལ་སྦྱོང་བརྡར་ཐེབས་པ་སོགས་ཕན་ཐོགས་ཉིས་བརྩེགས་ཡོང་རྒྱུ་ཡིན་པ་དང་། ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༢ ནས་རིགས་ལམ་འདུ་འཛོམས་གོ་སྒྲིག་ཞུ་རྒྱུའི་ལས་གཞི་འགོ་བཙུགས་ཏེ། ད་བར་ལོ་མང་པོ་ཕྱིན་མེད་ཀྱང་དུས་ཡུན་ཐུང་ཐུང་འདི་ནང་གྲུབ་འབྲས་ཆེན་པོ་ཞིག་ཐོན་པར་ངོས་འཛིན་ཞུ་བཞིན་ཡོད་པ་དང་། རིགས་ལམ་དང་འབྲེལ་བའི་ལས་གཞི་འདི་བཞིན་༸རྒྱལ་བ་རིན་པོ་ཆེའི་དགོངས་གཞི་གལ་ཆེན་ཞིག་ཡིན་སྟབས། ཤེས་རིག་ལས་ཁུངས་ནས་ད་བར་རིགས་ལམ་གྱི་འདུ་འཛོམས་དང་ཟབ་སྦྱོང་ཁག་གདན་ས་གྲྭ་ཚང་ཁག་ནང་གོ་སྒྲིག་གནང་བ་དེ་ཧ་ཅང་གིས་ཡག་པོ་བྱུང་འདུག་དྲན་གྱི་ཡོད་ལ། མ་འོངས་པར་ཡང་གཞི་རིམ་སློབ་གྲྭ་ཁག་གི་རིགས་ལམ་དང་འབྲེལ་བའི་ལས་འཆར་ཐོག་ཤེས་རིག་ལས་ཁུངས་ནས་གདན་ས་གྲྭ་ཚང་དང་བཤད་གྲྭ་ཁག་ལ་འབྲེལ་བ་གནང་ན། དེང་གི་ཆར་གདན་ས་གྲྭ་ཚང་ཁག་ནང་འདི་ལྟ་བུའི་ལས་གཞིར་མཐུན་འགྱུར་ཞུ་རྒྱུའི་མཐུན་རྐྱེན་འདང་ངེས་ཡོད་པའི་ཡིད་ཆེས་ཡོད་པས། དེ་ལྟར་བྱུང་ན་སློབ་གྲྭ་ཁག་གི་རིགས་ལམ་གྱི་སྤུས་ཚད་སྔར་ལྷག་ཡོང་ངེས་ཡིན་པ་བཅས་ཀྱི་གལ་ཆེའི་དགོངས་འཆར་གསུངས་ཏེ། ཐེངས་འདིའི་ལྷོ་ཁུལ་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་འདི་བཞིན་ལེགས་པར་མཇུག་བསྒྲིལ།།