༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༩ ཚེས་ ༣ ཉིན་ལ་དྭགས་ལྕོག་ལམ་སར་རྟེན་གཞི་བྱས་པའི་བོན་དགོན་གཤེན་བསྟན་གཡུང་དྲུང་ལྷ་རྩེ་དགོན་རབ་གནས་དབུ་འབྱེད་ཀྱི་མཛད་སྒོར་ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས་སྐུ་མགྲོན་དུ་མགྲོན་འབོད་ལྟར་ཆེད་ཕེབས་ཀྱིས་གསུང་བཤད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠།༠༠ ཐོག་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་༸རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་གིས་དབུས་བོད་མི་མང་སྤྱི་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་དང་། བོད་མི་མང་སྤྱི་འཐུས་ཀུན་དགའ་བསོད་སྟོབས་ལགས། བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས། དེ་བཞིན་ལ་དྭགས་དགོན་ཚོགས་ཀྱི་ཚོགས་གཙོ། ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་ཆེན་མོའི་སྐུ་ཚབ་དང་བོད་རིགས་འབྲེལ་མཐུད་པ་ཞིག་དང་། ཕྱོགས་མཐའ་དང་ལ་དྭགས་ཁུལ་གྱི་བོན་འབངས་བཅས་ལྷན་འཛོམས་ཀྱིས་ཐོག་མར། ༸རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་ཚོགས་ཁང་དབུ་འབྱེད་རབ་གནས་དང་སྣང་གསལ་སྒྲོན་མེ་ཞལ་ཕྱེ་གནང་།
དེ་ནས་དགོན་པའི་མཁན་པོ་དགེ་བཤེས་ལུང་རིག་ཉི་མ་ལགས་ནས་དགོན་པའི་ངོ་སྤྲོད་ཀྱི་གསུང་བཤད་གནང་། དེ་རྗེས་རྟེན་འབྱུང་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས། དེ་ནས་སྐུ་མགྲོན་གཞན་རྣམས་ནས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་། དེ་གྲུབ་མཚམས་༸རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་བཀའ་སློབ་དང་ཐུགས་རྗེ་ལེགས་འབུལ་གྱི་གཟེངས་བསྟོད་ཁག་གནང་། མཐར་ཁྱུང་ལུང་བློ་བཟང་རྒྱ་མཚོ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ།།