༄༅། །འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་མཁས་པ་ ༡༣ གྱིས་རྒྱ་ནག་གཞུང་ལ་ཡིག་འབྲེལ་ཞིག་བཏང་སྟེ། བོད་ཁམས་སྡེ་དགེ་སྐམ་ཐོག་གློག་ཁང་གསར་རྒྱག་ལས་གཞིར་ངོ་རྒོལ་བྱེད་མཁན་བོད་མི་ཚོར་རྒྱ་གཞུང་ནས་དྲག་གནོན་བྱས་པར་བློ་འཚབ་བསྟན་ཡོད།
དེ་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རང་དབང་ཅན་གྱི་ཆེད་མཁས་པ་ ༡༣ གྱིས་མཉམ་འབྲེལ་གྱིས་མཚན་རྟགས་བཀོད་པའི་ཡིག་འབྲེལ་དེ་ནི་ཕྱི་ལོ་ ༢༠༢༤ ཟླ་བ་ ༠༧ ཚེས་ ༠༨ ཉིན་བཏང་ཞིང་། ཕྱི་ལོ་ ༢༠༢༤ ཟླ་བ་ ༠༩ ཚེས་ ༠༦ ཉིན་ཡོངས་གྲགས་གནང་ཡོད་ལ། དེ་མཚུངས་ཀྱི་ཡིག་འབྲེལ་ཞིག་གློག་ཁང་རྒྱག་མཁན་རྒྱ་ནག་གི་ཁེ་ལས་ཁང་ཧོ་ཏན་མཉམ་འབྲེལ་གྱི་ཡན་ལག་ཁེ་ལས་ཚོགས་པ་ (Huadian Jinsha River Upstream Hydropower Development C., Ltd.) ཞེས་པ་ལའང་བཏང་ཡོད་པ་རེད།
ཡིག་འབྲེལ་དེའི་ནང་དུ་ཆེད་མཁས་པ་རྣམས་ཀྱིས་ཆུ་མཛོད་ཉེ་འཁོར་དུ་གནས་སྡོད་བྱེད་མཁན་བོད་མི་རྣམས་ལ་ཁྲིམས་འགལ་བྱ་སྤྱོད་དང་། ཁོང་ཚོའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བར་བློ་འཚབ་ཆེན་པོ་བསྟན་ཡོད་པ་མ་ཟད། དབང་འཛིན་པ་ཚོས་ཆུ་མཛོད་བརྒྱབ་པའི་རྐྱེན་གྱིས་ཐད་ཀར་ཤུགས་རྐྱེན་འཕོག་མཁན་ཡུལ་མི་རྣམས་དང་ལྷན་སྔོན་ནས་ཆོག་མཆན་གྲོས་བསྡུར་བྱས་མེད་པ་གསལ་སྟོན་གནང་འདུག དེ་དང་ཆབས་ཅིག་ཆེད་མཁས་པ་ཚོས་བོད་མི་བརྒྱ་ཕྲག་མང་པོས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་པར་རྒྱ་གཞུང་གི་དབང་འཛིན་པ་ཚོས་འཁོན་ལེན་དང་། དྲག་ཤུགས་བེད་སྤྱོད་བྱས་ཏེ་བོད་མི་རྣམས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་མ་ཟད། འགའ་ཤས་ལ་ཕྱི་ལ་འབྲེལ་བ་བྱེད་དུ་མི་འཇུག་པ་སོགས་ཀྱི་གཞི་རྩའི་ཐོབ་ཐང་རྡོག་རོལ་བཏང་བར་བློ་འཚབ་བསྟན་འདུག
དེ་བཞིན་ཆེད་མཁས་པ་རྣམས་ནས་གློག་ཁང་ལས་གཞི་དེ་ལ་བརྟེན་ནས་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ངེས་ཡིན་པར་བློ་འཚབ་དང་སྦྲགས། ཆུ་མཛོད་དེ་དག་གིས་བོད་མཐོ་སྒང་དང་། རྒྱ་ནག ས་གནས་སུ་ཉེན་ཚབས་ཆེ་ཞིང་ཕྱིར་ལྡོག་མི་ཐུབ་པའི་ཁོར་ཡུག་དང་གནམ་གཤིས་ལ་ཤུགས་རྐྱེན་ཐེབས་སྲིད་པ་ནན་བརྗོད་གནང་ཡོད་པའི་ཐོག། ལས་གཞི་འདི་འགོ་མ་འཛུགས་གོང་དུ་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་ལ་གནོད་སྐྱོན་ཇི་ཡོད་སྐོར་རང་དབང་ལྡན་ཞིང་ཕྱོགས་ཡོངས་ཀྱི་གནས་སྟངས་ཞིབ་འཇུག་བྱ་དགོས་པའི་སྐུལ་དེད་བཏང་ཡོད།
མཐར་ཆེད་མཁས་པ་རྣམས་ནས་རྒྱ་ནག་གཞུང་ལ་ཁྲིམས་འགལ་བྱ་སྤྱོད་ཡོངས་རྫོགས་འཕྲལ་དུ་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་གནང་བ་དང་འབྲེལ། ཆུ་མཛོད་བཟོ་སྐྲུན་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་གནད་དོན་སྐོར་གྱི་གནས་ཚུལ་དང་ཞིབ་ཕྲའི་སྙན་ཐོ་མཁོ་སྤྲོད་བྱེད་དགོས་པའི་རེ་སྐུལ་གནང་ཞིང་། ལྷག་པར་ཁོང་ཚོས་སྐམ་ཐོག་ཆུ་མཛོད་ཀྱི་ལས་གཞི་འགོ་མ་ཚུགས་གོང་དུ་བྱས་པའི་ཁོར་ཡུག་དང་། སྤྱི་ཚོགས་རིག་གཞུང་། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གཞན་དག་ལ་ཤུགས་རྐྱེན་ཇི་ཐེབས་ཀྱི་དཔྱད་ཞིབ་སྙན་ཐོ་དང། བོད་མི་རྣམས་ལ་སྔོན་བརྡ་དང་། ཆོག་མཆན་ཞུས་ཡོད་མེད། དེ་བཞིན་བཙན་དབང་གིས་གནས་སྤོ་བྱེད་དུ་བཅུག་པ་དེ་ཁྲིམས་དང་མཐུན་མིན་དང་། གཞུང་གིས་བོད་མིའི་ཐོབ་ཐང་སྲུང་སྐྱོབ་ཇི་ལྟར་བྱེད་འཆར་ཡོད་མིན་སྐོར་གྱི་སྙན་ཐོ་མཁོ་སྤྲོད་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་མཁས་པ་རྣམས་ཀྱི་ཡིག་འབྲེལ་དེར་དགའ་བསུ་ཞུ་བཞིན། སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ནས། རྒྱལ་ཚོགས་ཀྱི་ཆེད་མཁས་པ་རྣམས་ཀྱིས་ཁམས་སྡེ་དགེའི་གློག་ཁང་ལས་གཞི་དེ་བརྒྱུད་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བར་བློ་འཚབ་བསྟན་པ་དེར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག རྒྱ་ནག་གཞུང་གིས་རྒྱལ་ཚོགས་ཀྱི་དམིགས་ཆེད་མཁས་ཚོས་རེ་འདུན་བཏོན་པ་ལྟར། ཞིབ་ཕྲའི་སྙན་ཐོ་ཡོངས་རྫོགས་འབུལ་དགོས་པ་མ་ཟད། ཁྲིམས་འགལ་བྱ་སྤྱོད་འདི་དག་དང་འབྲེལ་བ་ཡོད་པའི་མི་སྣ་ཚོས་ངེས་པར་དུ་འཐུས་ཤོར་དེའི་འགན་ཁུར་འཇུག་དགོས་པའི་སྐུལ་དེད་གནང་ཡོད་པ་བཅས།།