༄༅། །ཉེ་ལམ་བོད་ཀྱི་རྔ་པ་ས་ཁུལ་ནས་ཡིད་ཆེས་འཕེར་བའི་གནས་ཚུལ་འབྱོར་གསལ་ལྟར་ན། རྒྱ་ནག་གཞུང་གིས་བོད་པའི་དགེ་འདུན་པ་དང་བཙུན་མ་ན་གཞོན་ཚོར་དམིགས་པའི་ཤེས་ཡོན་སྲིད་བྱུས་དང་། དེ་དག་ལག་བསྟར་བྱེད་སྟངས་དེ་བོད་ཀྱི་ཆོས་དང་རིག་གཞུང་། འཚོ་བའི་གོམས་གཤིས་སོགས་རྒྱུན་འཛིན་བྱ་རྒྱུར་ཉེན་ཁ་ཆེན་པོ་བཟོ་བཞིན་ཡོད་པ་གསལ་སྟོན་བྱས་ཡོད།
དེ་ཡང་རྒྱ་ནག་གཞུང་གིས་བོད་ས་ཡོངས་སུ་བཙན་དབང་གིས་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་ཁག་མུ་མཐུད་ཡར་རྒྱས་དང་། གྲངས་འབོར་མཐོ་རུ་གཏོང་བཞིན་པ་དེ་ལ་བརྟེན་ནས་བོད་ཀྱི་ཆོས་དང་རིག་གཞུང་གི་ངོ་བོ་རྩ་བརླག་ཏུ་འགྲོ་རྒྱུའི་ཉེན་ཁ་ཆེ་རུ་བཏང་ཡོད་ཅིང་། ལྷག་པར་བོད་ཨ་མདོ་རྔ་པའི་ཀིརྟི་དགོན་དང་དགོན་པ་གཞན་གཉིས་བཅས་ཀྱི་ན་གཞོན་དགེ་འདུན་པ་གྲངས་ ༡༧༠༠ ལྷག་བཙན་དབང་གིས་དགོན་པ་ནས་ཕྱིར་འབུད་ཀྱིས་ཕ་མ་དང་རང་ཉིད་ཀྱི་འདོད་མོས་མེད་བཞིན་དུ་གཞུང་གིས་བཙུགས་པའི་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭར་འཇུག་དགོས་བྱུང་ཡོད། སྲིད་བྱུས་འདི་ནི་ལོ་ན་ ༡༨ མན་གྱི་དགེ་འདུན་པ་རྣམས་དང་། ཁྱད་པར་དུ་འཛིན་རིམ་དང་པོ་ནས་བརྒྱད་པ་བར་གྱི་དགེ་འདུན་པ་རྣམས་ལ་དམིགས་འཛུགས་བྱས་ཡོད་པ་རེད།
གྲྭ་གཞོན་དེ་དག་བཙན་དབང་གིས་སློབ་གྲྭར་བཅུག་སྟེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ལ་བསྟོད་བསྔགས་བྱེད་པ་སོགས་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་ཀྱི་ཡོད་པ་མ་ཟད། སློབ་གྲྭ་དེ་དག་ཏུ་བྱིས་པ་རྣམས་ལ་གཙོ་བོ་རྒྱ་སྐད་ཐོག་སློབ་ཁྲིད་བྱེད་ཀྱི་ཡོད་པས། བོད་ཀྱི་སྐད་ཡིག་གི་ཤེས་ཚད་དང་རིག་གཞུང་གི་ངོ་བོ་ཉམས་ཆག་འགྲོ་བཞིན་ཡོད། དེ་བཞིན་སློབ་གྲྭའི་གུང་གསེང་སྐབས་སུའང་སློབ་ཕྲུག་ཚོར་རང་གི་དགོན་པར་འགྲོ་མི་ཆོག་པའི་བཀག་སྡོམ་བྱས་ཏེ། དགོན་པ་དང་རང་ཉིད་ཀྱི་རིག་གཞུང་ལས་ཁ་ཐག་རིང་དུ་གཏང་རྒྱུའི་འབད་རྩོལ་བྱེད་ཀྱི་ཡོད་པ་རེད།
དེའི་སྟེང་དུ་ས་གནས་དབང་འཛིན་པ་ཚོས་ཕྲུ་གུ་རྣམས་གཞུང་གིས་བཙུགས་པའི་གཏན་འཇགས་སློབ་གྲྭར་གཏོང་རྒྱུར་ངོ་རྒོལ་བྱེད་མཁན་གྱི་ཕ་མ་རྣམས་ལ་སྤྱི་ཚོགས་ཁེ་ཕན་ཕྱིར་འཐེན་བྱ་རྒྱུ་དང་། ཐ་ན་བཙོན་འཇུག་ཀྱང་བྱ་སྲིད་པའི་སྡིགས་རའང་བཏང་དང་གཏོང་བཞིན་ཡོད། དེ་བཞིན་བོད་མི་ཚོས་རང་གི་ས་ཆའི་སྟེང་དུ་ཁང་པ་གསར་རྒྱག་བྱ་རྒྱུ་དང་། འབྲོག་པ་ཚོས་རང་གི་ཕྱུགས་ཟོག་གི་གྲངས་འབོར་སྤར་རྒྱུ་བཅས་ལའང་བཀག་སྡོམ་བྱེད་ཀྱི་ཡོད་པ་རེད།
རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གི་དྲག་གནོན་ཅན་གྱི་དབང་སྒྱུར་འོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་དུ་འགྲོ་བཞིན་པ་གསལ་པོ་ཡིན་པ་དང་། བོད་ཀྱི་རིག་གཞུང་དང་ཆོས་དད་རང་དབང་ལ་དམ་བསྒྲགས་སྔར་ལྷག་ཆེ་རུ་གཏོང་བཞིན་ཡོད། ཛ་དྲག་གི་གནས་སྟངས་འདི་དག་ནི་ཉེ་ཆར་ཕྱི་ཟླ་བདུན་པའི་ནང་རྒྱ་ནག་དམར་ཤོག་ཚོགས་པའི་གནད་ཡོད་དཔོན་རིགས་ཝང་ཧུ་ཉིང་བོད་དཀར་མཛེས་དང་། རྔ་པ། ཁྱུང་ཆུ་བཅས་སུ་ལྟ་སྐོར་དུ་ཕྱིན་པའི་དུས་མཚུངས་སུ་འཁེལ་ཡོད།
དེས་ན། ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ཏེ་སྲིད་གཞུང་ཁག་དང་། མཉམ་འབྲེལ་རྒྱལ་ཚོགས། འགྲོ་བ་མིའི་ཐོབ་ཐང་ཚོགས་པ། རིག་གཞུང་སྣ་འཛོམས་དང་ཆོས་དད་རང་དབང་སྲུང་སྐྱོབ་བྱེད་མཁན་ཚོགས་སྒེར། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་སྲུང་སྐྱོབ་བྱེད་མཁན་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ལ་འཕྲལ་དུ་ཐེ་གཏོགས་གནང་རོགས་ཞེས་འབོད་སྐུལ་ཞུ་བཞིན་ཡོད། ང་ཚོས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ལ་བོད་མི་མང་གི་ཐོབ་ཐང་དང་། ཆོས་དད་རང་དབང་སྲུང་སྐྱོབ་བྱ་རྒྱུའི་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་འོས་འགན་ལག་བསྟར་བྱེད་དགོས་པ་དང་། བོད་ཀྱི་ས་གནས་ཁག་ཏུ་ལག་བསྟར་བྱེད་བཞིན་པའི་རིག་གཞུང་གཅིག་བསྡུས་ཅན་གྱི་བྱ་སྤྱོད་མཐའ་དག་མཚམས་འཇོག་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན།།