༄༅། །ཡུ་རོབ་བོད་རིགས་ཚོགས་པ་ཁག་གི་ལོ་འཁོར་ཚོགས་ཆེན་ཐེངས་༤ པ་ནི་དར་ལེནྜ་གྱི་གྲོང་ཁྱེར་ཨམ་སར་ཊམ་ (Amsterdam) དུ་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་ཐུབ་བསྟན་རྒྱ་མཚོ་ལགས། སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས། ཨིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས། སྦེལ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས། ཕ་རན་སཱིའི་འབྲེལ་མཐུད་པ་ཐུབ་བསྟན་ཚེ་རིང་ལགས། དེ་བཞིན་ཡུ་རོབ་རྒྱལ་ཁབ་སུད་སི་དང་། ནི་དར་ལེནྜ། ཇར་མ་ནི། ཨོསྟྲི་ཡཱ། ཨི་ཊ་ལཱི་བཅས་ནས་བོད་རིགས་ཚོགས་པ་ཁག་གི་སྐུ་ཚབ་ལྷན་ཞུགས་ཐོག་ཉིན་གཉིས་རིང་འཚོགས་ཡོད།
ཕྱི་ཟླ་༨ ཚེས་ ༣༡ ནས་ཕྱི་ཟླ་༩ ཚེས་ ༡ ཉིན་ཡུ་རོབ་བོད་རིགས་ཚོགས་པ་ཁག་གི་ལོ་འཁོར་ཚོགས་ཆེན་ཐེངས་ ༤ པ་སུད་སི་དོན་གཅོད་ཁང་དང་ནི་དར་ལེནྜ་བོད་རིགས་ཚོགས་པ་ནས་གོ་སྒྲིག་ཞུས་པ་ལྟར་ནི་དར་ལེནྜ་རྒྱལ་ས་ཨམ་སར་ཊམ་གྱི་ (Park inn)གསོལ་མགྲོན་ཁང་དུ་འཚོགས་ཡོད་པ་དང་། སྐབས་དེར་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་ཐུབ་བསྟན་རྒྱ་མཚོ་ལགས། སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས། ཨིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས། སྦེལ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས། ཕ་རན་སཱིའི་འབྲེལ་མཐུད་པ་ཐུབ་བསྟན་ཚེ་རིང་ལགས། དེ་བཞིན་སུད་སི་བོད་རིགས་ཚོགས་པའི་ཚོགས་གཙོ་འབྲོང་པ་ཚང་ངེས་དོན་རྒྱ་མཚོ་ལགས། ཚོགས་གཞོན་ཀ་རང་སྐལ་བཟང་རྣམ་རྒྱལ་ལགས། ནི་དར་ལེནྜ་བོད་རིགས་ཚོགས་པའི་ཚོགས་གཙོ་ནོར་བུ་ཚེ་རིང་ལགས། ཚོགས་གཞོན་ཡེ་ཤེས་ལགས། ཇར་མ་ནི་བོད་རིགས་ཚོགས་པའི་ཚོགས་གཙོ་དོན་གྲུབ་སྒྲོན་དགའ་ལགས། ཚོགས་གཞོན་ཅང་རྭ་པ་སངས་ལགས། ཕ་རན་སཱི་བོད་རིགས་ཚོགས་པའི་ཚོགས་གཙོ་པདྨ་ཚེ་རིང་ལགས། ཚོགས་གཞོན་ཉི་མ་རྡོ་རྗེ་ལགས། ཨོསྟྲི་ཡཱ་བོད་རིགས་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ཀུན་དགའ་ལགས། ཚོགས་གཞོན་ངག་དབང་བློ་གྲོས་ལགས། ཨིན་ཡུལ་བོད་རིགས་ཚོགས་པའི་ཚོགས་གཙོ་ཚེ་རིང་རྣམ་རྒྱལ་ལགས། ཇེ་ཁི་བོད་རིགས་ཚོགས་པའི་ཚོགས་གཞོན་བསོད་ནམས་རྒྱ་མཚོ་ལགས་བཅས་ཚོགས་ཞུགས་གནང་ཡོད།
ཕྱི་ཟླ་༨ པའི་ཚེས་ ༣༡ ཉིན་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དུང་རྒྱ་སྤོས་སྣེ་དང་བཅས་གདན་འདྲེན་ཞུས་གྲུབ་མཚམས། ཚོགས་བཅར་བ་རྣམས་ཀྱིས་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་ཕུལ་ཞིང་། སྣང་གསལ་མར་མེ་ཞལ་འབྱེད་གནང་། ཚོགས་འདུ་དངོས་གཞི་སྐབས་ཐོག་མར་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ནས་ཚོགས་འདུ་ངོ་སྤྲོད་གནང་རྗེས་སྦེལ་ཇམ་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་དང་། ཨིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས། དེ་བཞིན་ཡུ་རོབ་བོད་མི་མང་སྤྱི་འཐུས་རྣམ་གཉིས་ནས་གསུང་བཤད་གནང་ཡོད་པ་རེད། དེ་རྗེས་སུ་ཚོགས་འདུ་ནང་གྲོས་གཞི་ ༡ ནས་གྲོས་གཞི་ ༤ པ་བར་བགྲོ་གླེང་གནང་ཡོད་པ་དང་། གྲོས་གཞི་དེ་དག་ལས་དམིགས་བསལ་ལོ་རྗེས་མར་ཡུ་རོབ་ཁུལ་དུ་༸གོང་ས་མཆོག་གི་གོ་སྟོན་གོ་སྒྲིག་ཞུ་ཕྱོགས་སྐོར་ལ་གྲོས་མོལ་ལྷུག་པོ་གནང་ཡོད། དེ་མཚུངས་གྲོས་གཞི་གཞན་ཁག་སྟེ། ཡུ་རོབ་བོད་རིགས་ཚོགས་པ་ཁག་ཕན་ཚུན་འབྲེལ་བ་དམ་ཟབ་གཏོང་ཕྱོགས་དང་། ༸རྒྱལ་བའི་བཀའ་དགོངས་འགལ་མེད་དུ་བསྒྲུབ་རྒྱུ། སྒོས་སུ་རང་གཞུང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་བཀོད་ཁྱབ་གང་ཕེབས་ལ་དབུ་འོག་དཔུང་འདེགས་ཞུ་རྒྱུ། ཡུ་རོབ་བོད་རིགས་མི་མང་ཐུན་མོང་ནས་གཞི་རྒྱ་ཆེ་བའི་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་ནི་དར་ལེནྜ་རུ་སྤེལ་ཕྱོགས་སོགས་ཀྱི་སྐོར་ལ་གྲོས་བསྡུར་གནང་ཡོད་པ་རེད།
ཕྱི་ཟླ་ ༩ ཚེས་ ༡ ཉིན་སྔ་དྲོ་ཆུ་ཚོད་ ༩ བའི་ཐོག་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱི་གཙོ་སྐྱོང་འོག གྲོས་གཞི་ ༥ བར་བགྲོ་གླེང་གནང་ཡོད་ཅིང་། གྲོས་གཞི་དེ་ནི་ཡུ་རོབ་བོད་རིགས་ཚོགས་པ་ཁག་གི་ཚོགས་ཆེན་ཐེངས་༥ པ་ཚོགས་ཡུལ་སོགས་ཀྱི་སྐོར་ཡིན་པ་ལྟར། གྲོས་མོལ་གྱི་མཐའ་མཇུག་ཏུ་ཡུ་རོབ་བོད་རིགས་ཚོགས་པ་ཁག་གི་ཚོགས་ཆེན་ཐེངས་ ༥ ཇར་མ་ནེའི་གྲོང་ཁྱེར་བྷར་ལིན་དུ་འཚོག་གཏན་འཁེལ་ཡོད། ཕྱི་ཟླ་ ༩ ཚེས་ ༡ ཉིན་སྔ་དྲོ་ཆུ་ཚོད་ ༡༡ ཐོག་ཚོགས་ཆེན་གྱི་གྲོས་གཞི་ཁག་ལ་བསམ་གྲོས་གནང་རྗེས་གྲོས་ཆོད་དོན་ཚན་ལྔ་སྤྱི་མོས་ཐོག་གཏན་འབེབས་གནང་བ་མ་ཟད། ཕྱི་ལོ་ ༢༠༢༤ ཡུ་རོབ་བོད་རིགས་ཚོགས་པའི་ཚོགས་ཆེན་ཐེངས་བཞི་པའི་ཨམ་སར་ཊམ་བསྒྲགས་གཏམ་ཟེར་བ་ཞིག་སྤེལ་ཡོད། བསྒྲགས་གཏམ་དེའི་ནང་གཙོ་བོ་༸གོང་ས་མཆོག་གི་ཡང་སྲིད་སྐོར་ལ་མགོན་པོ་གང་ཉིད་མཆོག་གམ་སྐུ་སྒེར་སྒྲིག་འཛུགས་ལས་གཞན་སུས་ཀྱང་ཐེ་གཏོགས་བྱ་མི་ཆོག་པ་ནན་བརྗོད་གནང་ཡོད། ཕྱི་ཟླ་༩ ཚེས་ ༡ ཉིན་སྔ་དྲོ་ཆུ་ཚོད་ ༡༡ དང་སྐར་མ་ ༤༥ ཐོག་ནི་དར་ལེནྜའི་བོད་རིགས་ཚོགས་པའི་ཚོགས་གཙོ་ནོར་བུ་ཚེ་རིང་ལགས་ནས་མཇུག་བསྡོམས་གསུང་བཤད་དང་། དེ་བཞིན་ཡུ་རོབ་བོད་མི་མང་སྤྱི་འཐུས་རྣམ་གཉིས་དང་ཡུ་རོབ་ཁུལ་གྱི་སྐུ་ཚབ་དོན་གཅོད་རྣམ་པས་གསུང་བཤད་གནང་གྲུབ་མཚམས་སུད་སི་སྐུ་ཚབ་དོན་གཅོད་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ཚོགས་འདུ་གྲོལ་ཡོད།
ཡུ་རོབ་བོད་རིགས་ཚོགས་པ་ཁག་གི་ལོ་འཁོར་ཚོགས་ཆེན་ཐེངས་ ༥ པ་གོ་སྒྲིག་ཆེད་སུད་སི་དོན་གཅོད་ཁང་གི་ལས་བྱེད་བསྟན་འཛིན་ཆོས་བཟང་ལགས་དང་སངས་རྒྱས་སྐྱབས་ལགས་གཉིས་ཆེད་བཅར་ཞུས་ཡོད་པ་བཅས།།