༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༩ ཚེས་ ༡༣ ནས་ ༡༤ བར་ཉིན་གྲངས་གཅིག་དང་ཕྱེད་ཀའི་རིང་ཡུ་རོབ་སྦེལ་ཇམ་གྲོང་ཁྱེར་ཧུ་ཧེར་ (Huy) རྟེན་གཞི་བྱས་པའི་ཡོན་ཏན་གླིང་ཆོས་ཚོགས་སུ་ཡུ་རོབ་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཀྱི་ཚོགས་ཆེན་ཐེངས་བཞི་པ་བསྐོང་ཚོགས་གནང་ཡོད།
དེ་ཡང་ཚོགས་ཆེན་གྱི་ཐོག་མར་དགེ་འདུན་པ་ཁག་ཅིག་ནས་ཤིས་བརྗོད་གསུང་འདོན་དང་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གི་ཚོགས་ཆེན་དང་འབྲེལ་བའི་སྒྲ་འཇུག་གསུང་འཕྲིན་བསྟན་རྗེས་སྦེལ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་། སྐབས་དེར་ཁོང་མོས་ཡུ་རོབ་རྒྱལ་ཁབ་དགུ་ནས་བོད་བརྒྱུད་ནང་བསྟན་ཆོས་ཚོགས་གྲངས་ ༢༨ ཀྱི་ཚོགས་བཅར་བ་མི་གྲངས་ ༤༤ མཉམ་ཞུགས་གནང་མཁན་ཡོངས་དང་། ལྷག་པར་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་གསུང་བཤད་པ་གཙོ་བོར་ཕེབས་ཞུགས་གནང་བར་ཐུགས་རྗེ་ལེགས་འབུལ་ཞུས་ཡོད། ཚོགས་ཆེན་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ཀྱི་གནད་དོན་གཙོ་བོར་གྱུར་བའི་བོད་བརྒྱུད་ནང་བསྟན་དར་འཕེལ་གཏོང་ཕྱོགས་དང་འབྲེལ་བའི་གནད་དོན་ཁག་ཅིག་གི་ཐོག་བགྲོ་གྲེང་གནང་སྟེ། གྲོས་ཆོད་དོན་ཚན་དྲུག་ཅན་ཞིག་སྤྱི་མོས་ཐོག་གཏན་འབེབས་གནང་འདུག དེའི་ནང་ ༡) སྤྱི་ནོར་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་འཛམ་གླིང་ཞི་བདེ་དང་། ཆོས་ལུགས་མཐུན་སྒྲིལ་གྱི་མཛད་རྗེས་ལ་ངོས་འཛིན་ཞུ་རྒྱུ་དང་། ༢) འགྲོ་བའི་ཕན་བདེར་དམིགས་ཏེ་དགའ་ལྡན་ཕོ་བྲང་གི་སྒྲིག་འཛུགས་མུ་མཐུད་གནས་དགོས་རྒྱུ། ༣) ཕྱི་ལོ་ ༢༠༡༡ ཟླ་བ་ ༠༩ ཚེས་ ༢༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡང་སྲིད་སྐོར་ཡོངས་ཁྱབ་གསལ་བསྒྲགས་ཇི་བསྐྱངས་ལ་ངོས་འཛིན་རྒྱབ་སྐྱོར་དང་། མགོན་པོ་མཆོག་གི་ཡང་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མགོན་པོ་གང་ཉིད་མཆོག་དང་དགའ་ལྡན་ཕོ་བྲང་ཁོ་ནར་ཡོད་པར་ངོས་འཛིན་ཞུ་རྒྱུ། ༤) རྒྱ་ནག་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་བླ་སྤྲུལ་རྣམ་པའི་ཡང་སྲིད་ངོས་འཛིན་གནང་སྒོར་ཞི་དྲག་ཐེ་བྱུས་སྣ་ཚོགས་བྱེད་བཞིན་པར་སྐྱོན་བརྗོད་དང་། ཆོས་ལ་དད་པ་མེད་པའི་རྒྱ་ནག་གཞུང་ལ་བོད་ཀྱི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་ཐོབ་ཐང་དབང་ཚད་མེད་པ་གསལ་སྟོན་བྱ་རྒྱུ། ༥) རྒྱལ་སྤྱིའི་སྤྱི་ཚོགས་ནས་འབྱུང་འགྱུར་རྒྱ་ནག་གཞུང་གིས་བསྐོ་འཛུགས་བྱས་པའི་༸གོང་ས་མཆོག་གི་ཡང་སྲིད་ཡིན་ཟེར་བར་ངོས་འཛིན་གནང་སྐྱོང་མི་ཡོང་བའི་འབོད་སྐུལ་ཞུ་རྒྱུ། ༦) རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་གཏོང་བཞིན་པར་སྐྱོན་བརྗོད་དང་། དེ་ལྟ་བུའི་བྱ་སྤྱོད་རྣམས་འཕྲལ་དུ་མཚམས་འཇོག་དགོས་པའི་རེ་སྐུལ་བྱ་རྒྱུ། བཅས་འཁོད་འདུག
གཞན་ཡང་ཐེངས་འདིའི་ཚོགས་ཆེན་ཐོག་ཨིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་དང་། ཕ་རན་སཱའི་འབྲེལ་མཐུད་པ་ཐུབ་བསྟན་ཚེ་རིང་ལགས། སུད་སི་སྐུ་ཚབ་དོན་ཁང་གི་རྒྱལ་ཚོགས་འབྲེལ་མཐུད་པ་ཕུན་ཚོགས་སྟོབས་རྒྱལ་ལགས་ལྷན་ཞུགས་གནང་ཡོད། དེ་སྔའི་ཡུ་རོབ་བོད་བརྒྱུད་ནང་བསྟན་ཚོས་ཚོགས་ཀྱི་ཚོགས་ཆེན་དང་པོ་ཕྱི་ལོ་ ༢༠༠༥ ལོར་ཛུ་རིག་དང་། ཐེངས་གཉིས་པ་ཕྱི་ལོ་ ༢༠༡༣ ལོར་སུད་སི་ཧྤེ་རེ་བུག ཐེངས་གསུམ་པ་ཕྱི་ལོ་ ༢༠༡༩ སྦེལ་ཇམ་དུ་འཚོགས་ཡོད་པ་བཅས།།