༄༅། །བོད་མི་མང་སྤྱི་འཐུས་ཟུར་པའམ་སྐུ་ཚབ་དོན་གཅོད་ཟུར་པ་ཆུང་བདག་ཀོ་རེན་ལགས་ཕྱི་ལོ་ ༢༠༢༤ ཟླ་བ་ ༩ ཚེས་ ༡༠ ཉིན་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་དཔལ་ལྡན་བཀའ་ཤག་ནས་བློ་ཕམ་དང་སྦྲགས་དམ་པ་ཁོང་གི་ཚེ་རབས་ཕྲེང་བར་བསགས་པའི་སྡིག་སྒྲིབ་བྱང་ཞིང་དག་ནས་མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་མགྱོགས་ནས་མྱུར་དུ་འཐོབ་པའི་སྨོན་ལམ་གསོལ་འདེབས་ཞུ་ཕྱིར། ཕྱི་ལོ་ ༢༠༢༤ ཟླ་བ་ ༩ ཚེས་ ༢༣ ཉིན་རྒྱབ་ཆུ་ཚོད་ ༣ ཐོག་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་དབུས་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཐོག་ཟུང་དྲུང་གུ་རུ་ཉི་མ་ལགས་ཀྱིས་དམ་པ་ཁོང་གི་ལོ་རྒྱུས་སྒྲོགས་སྦྱང་གནང་རྗེས་དམ་པ་ཁོང་ལ་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེ་མཚོན་སླད་ཉིན་རྒྱབ་ཆུ་ཚོད་ ༤ ནས་དབུས་ཀྱི་ལས་ཁུངས་ཁག་ལས་མཚམས་བཞག་ཡོད།
དམ་པ་ཁོང་ནི། ཕྱི་ལོ་ ༡༩༥༠ ལོར་བོད་ཕག་རི་ཡུལ་དུ་འཁྲུངས་ཤིང་། ཀ་སྦུག་གི་ཨིན་ཇིའི་སློབ་གྲྭ་སེནྚ་ཇོ་སབ་དང་། སྡེ་ར་ལྡུན་གྱི་ (UCNL) སློབ་བསྐྱོད་རྗེས་ནོར་ཝེ་ཨོས་ལོར་ལོ་ ༡ རིང་མཁལ་མའི་གསོ་བཅོས་ཀྱི་ཆེད་ལས་སློབ་སྦྱོང་གནང་། ཕྱི་ལོ་ ༡༩༦༨ ནས་ལོ་ ༡ རིང་རྡོར་གླིང་བསུ་ན་མདའི་མཉམ་འབྲེལ་འགན་འཛིན་གྱི་ལས་འཁུར་བཞེས་པ་དང་། ནོར་ཝེ་ (oslo university Hospital) དུ་ལོ་ངོ་ ༡༩ རིང་སྨན་ཞབས་མའི་ཕྱག་ལས་གནང་།
ཕྱི་ལོ་ ༡༩༨༨ ལོར་ནོར་ཝེ་བོད་རིགས་ཚོགས་པ་གསར་འཛུགས་སྐབས་འགན་འཁུར་བཞེས་མཁན་གཙོ་བོ་གཅིག་ཡིན་པ་དང་། ཕྱི་ལོ་ ༡༩༨༩ ལོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་ཝེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་སྐབས་ནོར་ཝེ་བོད་རིགས་ཚོགས་པ་དང་ཨིན་ལན་སྐུ་ཚབ་དོན་གཅོད་གཉིས་བར་གཞུང་འབྲེལ་འབྲེལ་མཐུད་པའི་ཐུགས་འགན་བཞེས། ཕྱི་ལོ་ ༡༩༩༦ ལོར་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་ཐོག་མ་གསར་འཛུགས་གནང་སྐབས་འགན་འཁུར་ཞུ་མཁན་གཙོ་བོའི་གྲས་ཤིག་ཡིན་ཁར་ལོ་མང་རིང་འགན་འཛིན་ལྷན་ཚོགས་ནང་ཕྱག་ལས་གནང་ཡོད་པ་རེད།ཕྱི་ལོ་ ༡༩༩༥ ཟླ་བ་ ༩ ཚེས་ ༥ ནས་ཕྱི་ལོ་ ༢༠༠༡ ཟླ་བ་ ༩ ཚེས་ ༡༥ བར་སུད་སིའི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་ལྟར་འགན་འཁུར་བཞེས་གནང་ཡོད་པ་དང། ཕྱི་ལོ་ ༢༠༠༡ ནས་བཟུང་ལོ་མང་རིང་ནོར་ཝེ་བོད་རིགས་ཚོགས་པའི་འཛིན་སྐྱོང་འགན་འཛིན་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ལྟེ་གནས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིའི་ཐུགས་འགན་བཞེས་ཡོད་པ་མ་ཟད། སུད་སི་ནང་ཡོ་རོབ་བོད་རིགས་ཚོགས་པའི་ཚོགས་ཆེན་ཐེངས་དང་པོ་གོ་སྒྲིག་ཞུས་ཡོད།
དེ་བཞིན་ཕྱི་ལོ་ ༢༠༠༨ ལོར་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སླད་དུ་ཕྱག་ལས་རྒྱ་ཆེར་གནང་བར་ (Norwegian PEN’s Ossietzky) ཞེས་པའི་གཟེངས་རྟགས་ཕུལ་ཡོད་པ་དང་། ཕྱི་ལོ་ ༢༠༡༡ ཟླ་བ་ ༦ ཚེས་ ༡ ནས་ཕྱི་ལོ་ ༢༠༡༤ ཟླ་བ་ ༣ ཚེས་ ༡༧ བར་སྐབས་ ༡༥ པའི་ཡོ་རོབ་བོད་མི་མང་སྤྱི་འཐུས་གནང་། ཕྱི་ལོ་ ༢༠༢༤ ཟླ་བ་ ༩ ཚེས་ ༡༠ ཕྱི་དྲོར་ནོར་ཝེ་རྒྱལ་ས་ཨོས་ལོའི་སྨན་ཁང་དུ་འདས་གྲོངས་སུ་གྱུར་འདུག