༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༩ ཚེས་ ༡༡ ཉིན་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་ནས་འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དང་། དགེ་ལྡན་བསྟན་པའི་གསལ་བྱེད་ཤར་པ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་དང་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་ངག་དབང་གསུང་རབ་བསྟན་འཛིན་དགེ་ལེགས་དཔལ་བཟང་པོ་མཆོག་རྣམ་པ་གསུམ་ལ་བརྟན་བཞུགས་བསྟར་འབུལ་གྱི་མཛད་སྒོར་ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས་ཆེད་ཕེབས་གནང་ཡོད།དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༠༧།༡༥ ཐོག་དགེ་འདུན་འདུས་མང་བཞུགས་གྲལ་དུ་འཁོད་མཚམས་ཆོས་རྗེ་རྣམ་པ་གསུམ་ཚོགས་ཕེབས་གནང་ཅིང་སྣང་གསལ་མར་མེ་ཞལ་འབྱེད་གནང་བ་དང་སྦྲགས་གནས་གཟིགས་སུ་ཕེབས། ཆུ་ཚོད་ ༧།༣༠ ཐོག་བརྟན་བཞུགས་དབུ་འཛུགས་གནང་། ཐོག་མར་༸སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ལ་བློ་གསལ་གླིང་གི་མཁན་པོ་ཡེ་ཤེས་ལྷུན་གྲུབ་མཆོག་ནས་མཎྜལ་རྟེན་གསུམ་འདེགས་འབུལ་དང་། ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག་ལ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་མཁན་པོ་གངས་དཀར་སྤྲུལ་སྐུ་བློ་བཟང་དཀོན་མཆོག་བསྟན་འཛིན་མཆོག་ནས་མཎྜལ་རྟེན་གསུམ་འདེགས་འབུལ་དང་། བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་ལ་བློ་གསལ་གླིང་གི་མཁན་ཟུར་བློ་བཟང་བསམ་གཏན་མཆོག་ནས་མཎྜལ་རྟེན་གསུམ་འདེགས་འབུལ་གྱིས་རྡོ་རྗེ་སློབ་དཔོན་བློ་གསལ་གླིང་མཁན་པོ་ཡེ་ཤེས་ལྷུན་གྲུབ་མཆོག་ནས་མཎྜལ་ལྗགས་བཤད་གནང་།དེ་ནས་འབྲས་སྤུངས་ཁྲི་པ་དཀོན་མཆོག་པ་སངས་མཆོག་གིས་གཙོས་པས་རི་བོ་དགེ་ལྡན་པའི་གདན་ས་གསུམ་གྱི་མཁན་པོ་རྣམ་པ་དང་། ཕྱག་མཛོད་རྣམ་པ། སྐུ་མགྲོན་རྣམ་པ་རིམ་གྱིས་ཆོས་རྗེ་རྣམ་གསུམ་ལ་མཇལ་དར་ཕུལ། མཐར་ཆོས་རྗེ་རྣམ་གསུམ་ལ་གཏང་རག་མཎྜལ་ཕུལ་ཏེ་བརྟན་བཞུགས་ཀྱི་མཛད་སྒོ་ལེགས་པར་གྲུབ། དེ་བཞིན་སྐུ་མགྲོན་དུ་བཀའ་ཟུར་ཚེ་རིང་དོན་གྲུབ་མཆོག་དང་། བཀའ་ཟུར་ཐུབ་བསྟན་ལུང་རིགས་མཆོག བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་ཕན་བདེ་ལགས། བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས། ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས། དེ་བཞིན་མོན་གྷོ་འདོད་རྒུ་གླིང་གི་ས་གནས་འགོ་འཛིན་ལྷག་པ་སྒྲོལ་མ་ལགས་དང་། ས་གནས་ཀྱི་ཚོགས་སྡེ་ཁག་གི་དབུ་འཛིན་རྣམ་པ་བཅས་མཛད་སྒོར་ཆེད་ཕེབས་གནང་ཡོད།
ཉིན་རྒྱབ་ཆུ་ཚོད་ ༣།༣༠ ཐོག་མོན་གྷོ་ཁྱབ་ཁོངས་དགོན་སྡེ་ཁག་དྲུག་ལ་ཆོས་རིག་ལས་ཁུངས་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་ལས་གཞི་འགྲོ་བཞིན་པར་གཟིགས་སྐོར་དུ་ཕེབས། ཐོག་མར་རྭ་སྟོད་གྲྭ་ཚང་དུ་ལས་གཞི་ཐོག་ལ་གཟིགས་སྐོར་དང་། རྭ་སྟོད་གྲྭ་ཚང་གི་མཁན་པོ་དགེ་བཤེས་བསོད་ནམས་རྒྱལ་མཚན་ལགས་སུ་འཚམས་མཇལ་དང་ལས་གཞི་དང་འབྲེལ་བའི་ཐོག་ལ་བཀའ་བསྡུར་གནང་། ཕྱི་ཚེས་ ༡༢ ཉིན་འདི་གའི་གྲངས་འཛིན་དཔེ་མཛོད་ཀྱི་འབྲེལ་ཡོད་ལས་བྱེད་རྣམས་བསྐོང་ཚོགས་ཀྱིས་ལས་གཞིའི་ཐོག་ལ་བཀའ་བསྡུར་གནང་རྒྱུ་དང་། ཆུ་ཚོད་ ༡༡ ནས་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དཔེ་མཛོད་དང་། འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་། ས་སྐྱ་བརྩེ་ཆེན་མདོ་སྔགས་ཆོས་གླིང་། དགའ་ལྡན་བྱང་རྩེ་གྲྭ་ཚང་། དགའ་ལྡན་ཤར་རྩེ་གྲྭ་ཚང་བཅས་ཀྱི་དཔེ་མཛོད་ལ་རིམ་པས་གཟིགས་སྐོར་དུ་ཕེབས་ཅིང་། ལས་གཞིའི་ཐོག་ལ་ཕྱག་ལས་གནང་མཁན་དགོན་སྡེ་ཁག་གི་འབྲེལ་ཡོད་རྣམས་མཇལ་འཕྲད་ཀྱིས་བཀའ་བསྡུར་གནང་ཡོད།། །།