༄༅། །བཙན་བྱོལ་བོད་མིའི་མང་གཙོའི་ལམ་སྲོལ་དབུ་བརྙེས་ཏེ་མི་ལོ་ ༦༤ ཧྲིལ་པོ་འཁོར་བའི་དུས་ཆེན་སྲུང་བརྩིའི་དགའ་སྟོན་རྟེན་འབྲེལ་གྱི་ཉིན་མོ་འདིར། བཀའ་ཤག་གིས་མཛད་སྒོ་འདིའི་སྟེང་གདན་འཛོམས་པའི་ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་གིས་མཚོན་པའི་སྐུ་མགྲོན་རྣམ་པ་དང་། མཛད་གཙོ་དང་ལས་བྱེད་ལས་ཟུར་རྣམ་པ། སེར་སྐྱ་མང་ཚོགས། དེ་བཞིན་ཡུལ་ཕྱོགས་སོ་སོར་བཞུགས་པའི་གཞིས་བྱེས་སྤུན་ཟླ་ཡོངས་དང་། བོད་དང་བོད་མིའི་བདེན་དོན་འཐབ་རྩོད་ལ་སྙིང་ནས་ཤ་ཚ་རྒྱབ་སྐྱོར་གནང་མཁན་ཡོངས་ལ་དུས་སྟོན་གྱི་འཚམས་འདྲི་ཞུ་བཞིན་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ༸ཁོང་གི་ཕེབས་རྗེས་སྙེག་མཁན་བཙན་བྱོལ་བོད་མི་རྣམས་རང་ཡུལ་གཞན་ལག་ཏུ་ཤོར་བའི་སྐྱོ་ངལ་དང་། ཁོར་ཡུག་གསར་པར་སྣེ་འཛིང་བའི་དཀའ་རྙོག་ལ་གཉའ་མ་ཞུམ་པར། ཕྱི་ལོ་ ༡༩༥༩ ཟླ་ ༤ ཚེས་ ༢༠ ཉིན་རྒྱ་གར་མ་སུ་རིར་༸ཞབས་སོར་འཁོད་ནས་བདུན་ཕྲག་གཅིག་མ་སོང་གོང་། བོད་དོན་བདེན་མཐའ་གསལ་ཐབས་དང་། བོད་མིའི་སྤྱི་ཚོགས་བདེ་དོན་ལ་དམིགས་པའི་བཙན་བྱོལ་བོད་གཞུང་གསར་འཛུགས་བསྐྱངས་པ་མ་ཟད། ཕྱི་ལོ་ ༡༩༦༠ ལོར་དེང་རབས་མང་གཙོའི་ལམ་སྲོལ་དང་མཐུན་པའི་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་གནང་བ་ནས་རིམ་པ་བཞིན་མང་ཚོགས་ཀྱི་ཁམས་མོས་དང་བསྟུན་གོམ་སྟབས་ཆེན་པོ་བཞིའི་སྒོ་ནས་ད་བར་སྒྲིག་འཛུགས་འདི་ཉིད་འཛམ་གླིང་འདིའི་བཙན་བྱོལ་སྤྱི་ཚོགས་གཞན་དུ་མཐོང་དཀོན་ཞིང་། ཀུན་གྱི་མིག་དཔེར་འོས་པའི་ཚགས་ཚུད་ཡར་རྒྱས་བྱུང་ཡོད་པ་དང་། བཙན་བྱོལ་བོད་མི་རྣམས་ནས་མང་གཙོའི་ལམ་ལུགས་ཅི་དགར་ལོངས་སུ་སྤྱོད་བཞིན་པའི་ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་འདི་དག་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྟེང་ནས་གཤམ་དུ་སྐུལ་འདེད་སྣེ་ཁྲིད་མཛད་པའི་བྱིན་མཐུ་ཁོ་ན་ལས་བྱུང་བར་ང་ཚོས་དུས་རྟག་ཏུ་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་ཞིག་ཡིན།
ལོ་རྗེས་མར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ ཕེབས་པའི་གོ་སྟོན་གྱི་སྟ་གོན་དུ། ༸ཁོང་གི་མཛད་ཁུར་བཞི་ལས་དང་པོ་འགྲོ་བ་མིའི་བཟང་སྤྱོད་གོང་སྤེལ་སྐོར་འདི་ལོའི་༸སྐུའི་འཁྲུངས་སྐར་གྱི་བཀའ་ཤག་གི་གཏམ་བཤད་དུ་ཞུས་ཟིན་པ་ལྟར། ད་ལམ་དུས་ཆེན་མཛད་སྒོ་འདིར་མཛད་ཁུར་གཉིས་པ་སྟེ། ཆོས་ལུགས་མཐུན་སྒྲིལ་གྱི་སྐོར་ལ་མཛད་པ་སྐྱོང་རིམ་རགས་བསྡུས་སུ་དྲན་གསོ་ཞུ་བ་ལ།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས།ཆོས་ལུགས་མི་འདྲ་བ་ཡིན་ཡང་སེམས་འདུལ་བ་ལ་བྱམས་པ་དང་བརྩེ་བ། བཟོད་པ། ཆོག་ཤེས། ཁྲིམས་སྲུང་བ་སོགས་ཚང་མ་གཅིག་གྱུར་ཡིན་སྟབས། ཆོས་ལུགས་ཁག་མཐུན་སྒྲིལ་བྱེད་པའི་གཞི་རྩ་ཡོད།ཅེས་དང་།
འཛམ་གླིང་གི་ལྟ་གྲུབ་ཡོད་པའི་ཆོས་བརྒྱུད་ཚང་མས་བྱམས་བརྩེ་ཉམས་ལེན་བྱེད་དགོས་པ་གཅིག་མཚུངས་གསུང་གི་ཡོད་པ་དང། ཆོས་ལུགས་གཙོ་ཆེ་བ་ཚང་མའི་བསླབ་བྱ་གཙོ་བོ་འཚེ་བ་མེད་པ་ཞེས་པ་འདི་གཅིག་གྱུར་དུ་གསུང་གི་ཡོད། འཚེ་བ་མེད་པ་ནི་བྱམས་བརྩེ་ཡིན། བྱམས་བརྩེ་ཉམས་ལེན་གྱི་འགལ་རྐྱེན་ཁོང་ཁྲོ་ཡིན། དེའི་གཉེན་པོ་བཟོད་པའི་ཉམས་ལེན་དང་། སུ་ཞིག་གིས་གནོད་པ་བྱས་ཀྱང་དེ་ལ་འཁོན་འཛིན་མི་བྱེད་པ་དེ་དག་གཅིག་གྱུར་ཡིན། མིའི་ཁམས་དང་མོས་པ་མི་འདྲ་བ་ལ་ལྟ་གྲུབ་ཀྱང་མི་འདྲ་བ་དགོས་པ་ཡིན།ཞེས་དང་།
འཛམ་བུ་གླིང་གི་རིས་སུ་མ་ཆད་པའི་ཆོས་ལུགས་ཁག་ཚང་མ་ཐུགས་མཐུན་ཁྲིམས་གཙང་གི་ཐོག་ནས་ཕན་ཚུན་གྱི་གནས་ཚུལ་ཤེས་རྟོགས་བྱས་པ་ཡིན་ན་མཐུན་སྒྲིལ་ཡོང་ཐུབ་པ་ཡིན།ཞེས་གསུངས་ཤིང་། ཆོས་ལུགས་པ་དང་ཆོས་ལུགས་ཀྱི་རྗེས་འབྲང་པ་རྣམས་ཀྱིས་སོ་སོའི་ལྟ་གྲུབ་དང་ཆོ་ག་ཕྱག་ལེན་གང་ཡིན་བསྲེ་ལྷད་མེད་པར་ཉམས་ལེན་ཞུ་བ་དང་དུས་མཚུངས་སུ། འགྲོ་བ་མི་རྣམས་གཅིག་གྱུར་གྱི་འདུ་ཤེས་བཟུང་སྟེ་ཆོས་ལུགས་གཞན་དང་ཆོས་དད་མེད་མཁན་ཀུན་ལ་གུས་བརྩི་བྱ་རྒྱུ་གལ་ཆེན་དུ་ནན་གསུངས་མཛད་བཞིན་ཡོད།
དེ་ཡང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༡༩༥༦ ལོར་སྟོན་པ་མྱ་ངན་ལས་འདས་ནས་ལོ་ངོ་ ༢༥༠༠ འཁོར་བའི་དུས་དྲན་དུ་ཆིབས་བསྒྱུར་སྐབས། རྒྱ་གར་འཕགས་པའི་ཡུལ་དུ་འཛམ་གླིང་གི་ཆོས་ལུགས་ཆེན་པོ་ཁག་ལ་འབྲེལ་བ་ཐོག་མར་བྱུང་ཡོད་ཅིང་། རྒྱ་གར་ནི་ཧིན་དྷུ་དང་། སིཀ །རྒྱལ་བ་པ་དང་ནང་པ་བཅས་ཆོས་ལུགས་ཁག་གི་འབྱུང་ཁུངས་ཡིན་པར་མ་ཟད། འཇིའུ་ཆོས་ལུགས་དང་ཡེ་ཤུའི་ཆོས་ལུགས་ཀྱང་རྒྱ་གར་དུ་དར་ཁྱབ་བྱུང་ཡོད་ཅིང་། འཛམ་གླིང་གི་ཁ་ཆེའི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་གསུམ་པ་དེ་ཡིན་ལ། གནའ་བོའི་ཏ་ཟིག་གི་ཛོ་རོ་སི་ཊྲན་ཆོས་ལུགས་ལའང་རྒྱ་གར་དུ་ཁྱིམ་གཞིས་གཉིས་པ་ཞིག་རྙེད་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་གྲངས་གསུམ་ལྷག་བཞུགས་ཡུན་རིང། རང་དབང་མང་གཙོའི་འཕགས་པའི་ཡུལ་འདིར་ཆོས་རྒྱལ་མྱ་ངན་མེད་ནས་ད་ལྟའི་བར་ཆོས་ལུགས་རིས་མེད་འཆམ་མཐུན་མཉམ་གནས་ཀྱི་ལག་ལེན་གྲ་མ་ཉམས་པར་ཡོད་པ་མངོན་རྗེན་དུ་གཟིགས་ཏེ། ཐ་དད་པའི་ཆོས་ལུགས་ཐུན་མོང་ནས་སྙིང་རྗེ་དང་བྱམས་བརྩེ། འཚེ་བ་མེད་པ་སོགས་འགྲོ་བ་མིའི་ཐུན་མོང་གི་རིན་ཐང་ལྷུར་ལེན་བཞིན་པ་རྣམས་མཐུན་སྒྲིལ་བྱེད་དགོས་པ་དང་། བྱེད་ཐུབ་པའི་ངེས་ཤེས་འཁྲུངས་ཡོད།
ལོ་རྒྱུས་ཀྱི་ཆ་ནས། ༸རྒྱལ་དབང་སྐུ་ཕྲེང་ན་རིམ་ཕལ་མོ་ཆེས་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཁག་གི་དབང་ལུང་མན་ངག་རྣམས་གསན་བཞེས་གནང་བ་ཇི་བཞིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་རིས་མེད་བླ་མ་བཅུ་ཕྲག་གཉིས་ལྷག་ཙམ་བསྟེན་གནང་གིས། བོད་བརྒྱུད་ནང་བསྟན་གྱི་གཞུང་ལུགས་སྤྱི་དང་དབང་ལུང་ཁྲིད་གསུམ་སོགས་སྙན་བརྒྱུད་མན་ངག་གི་མཛོད་དུ་གྱུར་སྐོར། ༸གོང་ས་མཆོག་གི་གསན་ཡིག་རྒྱས་བསྡུས་གཉིས་དང་གསུང་འབུམ་རིན་པོ་ཆེར་གསལ་བ་ལྟར་དང་།
ཕྱི་ལོ་ ༡༩༦༣ ལོར་བཞུགས་སྒར་དྷ་རམ་ས་ལར་རིས་མེད་ཆོས་བརྒྱུད་ཁག་གི་ཆོས་ཚོགས་སྡུད་སྐོང་གནང་མགོ་ཚུགས་ཏེ། ད་ལྟའི་བར་བོད་ཀྱི་ཆོས་ཚོགས་ཐེངས་ ༡༤ བསྐོངས་འཚོགས་གནང་བར། ཚོགས་ཐེངས་བཅུ་གཉིས་ཙམ་གྱི་ཚོགས་མགོན་དུ་དངོས་སུ་ཆིབས་བསྒྱུར་གྱིས། སྐབས་དུས་སོ་སོར་ཆོས་ལུགས་རིས་མེད་ཀྱི་གལ་གནད་སྐོར་བླང་དོར་བཀའ་སློབ་རིམ་ཅན་དུ་སྩལ་ཏེ། བཙན་བྱོལ་དུ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་རྣམས་མཐུན་སྒྲིལ་གྱི་ལེའུ་གསར་པ་ཞིག་བཏོད་ཡོད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཤྲི་ལང་ཀའི་བླ་ཆེན་བྷན་ཏེ་གུ་ན་ར་ཏ་ན་མཆོག་ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་དུ་མཇལ་འཕྲད་བྱུང་བ་དང་། ༡༩༦༧ ལོར་ཐའེ་ལན་དུ་ཆིབས་བསྒྱུར་གནང་སྐབས། པ་ལི་ཆོས་བརྒྱུད་འཛིན་མཁན་བླ་ཆེན་སོམ་ཌེ་པྲ་སང་ག་ར་ཇ་དང་། ཐའེ་ལན་ནང་པའི་ཆོས་ཚོགས་ཀྱི་དབུ་ཁྲིད་ཁག་མཇལ་འཕྲད་གནང་བ་ནས་བཟུང། ཝི་ཏི་ནམ་གྱི་བླ་ཆེན་ཐིཀ་ནཊ་ཧན་དང་། ཀམ་བྷོ་ཌེ་ཡའི་བླ་ཆེན་པྲ་མཧ་གྷོ་ས་ནན་ཌ་མཆོག་གིས་མཚོན་པའི་པ་ལི་ཆོས་བརྒྱུད་འཛིན་མཁན་ལྷན་མཇལ་མོལ་རིམ་པར་མཛད་འབྲས་སུ། ཆོས་བརྒྱུད་ཕན་ཚུན་དབར་ལོ་ངོ་བརྒྱ་ཕྲག་དུ་མའི་རིང་རྒྱང་བཀྱེད་འབྲེལ་མེད་དབང་གིས་གོ་ལོག་དང་ལོག་རྟོགས་ཇི་སྙེད་ཅིག་ཡོད་པ་རྣམས་སེལ་ཏེ་དམ་ཚིག་འོ་ཆུ་གཅིག་འདྲེས་སུ་གྱུར་ཅིང་།
༸གོང་ས་མཆོག་གི་ལམ་སྟོན་འོག །ཕྱི་ལོ་ ༢༠༢༢ ནས་བཟུང་པ་ལི་དང་སཾ་སྐྲིཏའི་རྒྱལ་སྤྱིའི་དགེ་འདུན་པ་བརྗེ་རེས་ལས་གཞི་སྤེལ་མགོ་ཚུགས་ཏེ། ཕན་ཚུན་འདུལ་ཁྲིམས་དང་ཕྱག་སྲོལ་རྒྱུས་ལོན་ཆེད་བཙན་བྱོལ་བོད་མིའི་གདན་ས་གྲྭ་ཚང་དང་། ཤྲི་ལང་ཀ །ཐའེ་ལན། ཝི་ཏི་ནམ་སོགས་ཀྱི་དགེ་འདུན་པ་ཕར་ཚུར་གཏོང་རེས་ཀྱི་ལས་གཞི་འགོ་འཛུགས་ཀྱིས་ཕྱག་བསྟར་གནང་བཞིན་ཡོད་ལ། ཕྱི་ལོ་ ༢༠༢༣ ལོར། རྡོ་རྗེ་གདན་དུ་ཉིན་བཞིའི་རིང་རྒྱལ་སྤྱིའི་ནང་པའི་དགེ་འདུན་པའི་གླེང་སྟེགས་ཐེངས་དང་པོ་སྐོང་ཚོགས་གནང་བར། པ་ལི་ཆོས་བརྒྱུད་འཛིན་མཁན་རྒྱ་གར་དང་། ཐའེ་ལན། འབར་མ། ཀམ་བྷོ་ཌི་ཡ། ལའོ་སི། ཤྲི་ལང་ཀ །བྷང་ལ་ཌེ་ཤི། ཨིན་རྡུ་ནི་ཤི་ཡ་སོགས་དང་། སཾ་སྐྲི་ཊའི་ཆོས་བརྒྱུད་འཛིན་མཁན་བོད་དང་། འབྲུག །བལ་ཡུལ། ཝི་ཏི་ནམ། རྒྱ་ནག །ཐའེ་ཝན། ཉི་འོང་། ཀོ་རི་ཡ། ར་ཤི་ཡ། སོག་པོ་སོགས་ནས་དགེ་འདུན་པ་ཉིས་སྟོང་ལྷག་ཚོགས་ཞུགས་ཀྱིས་འདུལ་ཁྲིམས་དང་། དུས་རབས་ཉེར་གཅིག་པའི་ནང་པའི་ལས་འགན་སྐོར་བགྲོ་གླེང་གནང་བའི་དབུ་འབྱེད་མཛད་སྒོར་༸གོང་ས་མཆོག་ཆེད་ཕེབས་ཀྱིས་བླང་དོར་བཀའ་སློབ་སྩལ་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བརྒྱ་ཕྲག་སྔོན་མའི་ལོ་རབས་བདུན་ཅུ་པའི་འགོ་སྟོད་དུ་ཡུ་རོབ་དང་། སྨད་མཇུག་ཏུ་བྱང་ཨ་རིར་ཆིབས་བསྒྱུར་བསྐྱངས་པ་ནས་ད་བར་རྒྱལ་ཁབ་ ༦༠ ལྷག་ཙམ་ཞིག་གི་ནང་ཐེངས་ ༣༠༠ མ་ཟིན་ཙམ་ཞིག་ཕྱོགས་ཕེབས་གནང་ཁོངས། ཡེ་ཤུའི་གདན་ས་ཝེ་ཊི་ཀན་དང་། ཝ་ཤིན་ཊོན་གྱི་རྒྱལ་ཡོངས་ཆོས་ཁང་ཆེན་མོ་དང་། ལོན་ཌོན་གྱི་ཝེ་སི་མིན་སི་ཊེར་ཆོས་ཁང་། ནིའུ་ཡོཀ་ནང་རྟེན་གཞི་བྱས་པའི་སེནྚ་ཇཱོན་ཆོས་ཁང་སོགས་དང་། ཡེ་ཤུ་དང་འཇིའུ། ཁ་ཆེ་བཅས་ཐུན་མོང་གི་གནས་ཆེན་ཇེ་རུ་ས་ལེམ་དང་། དེ་མཚུངས་ཧིན་དྷུའི་ཀུམྦྷ་མེ་ལ། ལྡི་ལིའི་ཁ་ཆེ་ལྷ་ཁང་ཇ་མ་མ་སི་ཇིཌ་སོགས་ཆོས་ལུགས་སོ་སོའི་ལྷ་ཁང་དང་གནས་རྩ་ཆེན། གྲོང་དང་གྲོང་བརྡལ་ཁུལ་གྱི་ལྷ་ཁང་མང་པོའི་ནང་༸མགོན་པོ་མཆོག་གི་ཞབས་རྗེས་རི་མོར་བཀོད་ཅིང་། རིས་སུ་མ་ཆད་པའི་ཆོས་ལུགས་ཁག་གི་དབུ་ཁྲིད་གྲགས་ཅན་མང་དག་ཅིག་མཇལ་འཕྲད་གནང་ཡོད།
དེ་བཞིན་དུ་ཆོས་ལུགས་ཕན་ཚུན་གྲོས་མོལ་དང་མཐུན་སྒྲིལ་གྱི་ཚོགས་འདུ་མང་པོར་ཕེབས་ཞུགས་གནང་བ་དཔེར་ན། ཕྱི་ལོ་ ༡༩༨༦ ལོར་ཨི་ཊ་ལིའི་གནས་ཆེན་ཨ་སི་སི་རུ་ཡེ་ཤུའི་བླ་ཆེན་པོབ་ཇའོན་པོལ་གྱིས་གོ་སྒྲིག་གནང་བའི་འཛམ་གླིང་ཞི་བདེའི་སྨོན་ལམ་དང་། ཕྱི་ལོ་ ༡༩༩༣ ལོ་ནས་བཟུང་འཛམ་གླིང་ཆོས་ལུགས་གྲོས་ཚོགས་ཀྱི་ཚོགས་འདུ་རིམ་པ་དང་། རྒྱ་གར་ནང་སྐོང་ཚོགས་བྱས་པའི་རྒྱལ་སྤྱིའི་རང་བཞིན་གྱི་ཆོས་ལུགས་ཚོགས་འདུ་རིམ་པར་ཕེབས་ཞུགས་གནང་བ་མ་ཟད། ཕྱི་ལོ་ ༢༠༠༦ ལོར་ཨ་རིའི་སན་ཧྥ་རན་སི་སི་ཀོ་གྲོང་ཁྱེར་དུ་སྐོང་ཚོགས་བྱས་པའི་ཁ་ཆེའི་བགྲོ་གླེང་ཚོགས་འདུ་སྙིང་རྗེ་གསལ་བྱེད་སྙིང་གི་འདུ་འཛོམས་དང། ཕྱི་ལོ་ ༢༠༠༨ ལོར་རྒྱ་གར་དུ་སྐོང་ཚོགས་བྱས་པའི་འཇིགས་སྐུལ་རིང་ལུགས། རྒྱལ་ནང་དང་རྒྱལ་སྤྱིའི་འཛམ་གླིང་ལྷན་ཚོགས་དང། ཕྱི་ལོ་ ༢༠༠༩ ལོར་འཛམ་གླིང་གི་ཆོས་ལུགས། གྲོས་མོལ་དང་མཐུན་འབྲེལ་ཚོགས་འདུ། ཕྱི་ལོ་ ༢༠༡༠ ལོར་ཉི་འོང་གི་ཧི་རོ་ཤི་མར་འཛམ་གླིང་ཞི་བདེའི་ལྷན་ཚོགས་སོགས་སུ་ཕེབས་ཞུགས་ཀྱིས། ཆོས་ལུགས་ཚང་མ་མཐུན་སྒྲིལ་གྱི་སྒོ་ནས་འགྲོ་བ་མིའི་བཟང་སྤྱོད་གོང་སྤེལ་དང་། འཛམ་གླིང་ཞི་བདེའི་ཐད་ལེགས་སྐྱེས་འབུལ་དགོས་པའི་གཞེན་སྐུལ་རིམ་པར་མཛད་ཡོད་པ་མ་ཟད།
ཕྱི་ལོ་ ༢༠༠༩ ལོར་ཀོ་པན་ཧེ་གྷེན་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་སྟེང་། ཆོས་ལུགས་ཀྱི་ཚོགས་སྡེ་སོ་སོས་ཁོར་ཡུག་སྲུང་སྐྱོབ་ལ་དོ་སྣང་དགོས་པའི་འབོད་སྐུལ་གནང་ཡོད་ལ། ཕྱི་ལོ་ ༢༠༡༥ ལོར་༸གོང་ས་མཆོག་གི་ལམ་སྟོན་འོག །འཛམ་གླིང་གི་ནང་པའི་དབུ་ཁྲིད་རྣམས་ཀྱིས་ཐེངས་དང་པོར་མཉམ་འབྲེལ་གསལ་བསྒྲགས་སྤེལ་ཏེ། གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་བྱེད་དགོས་པའི་འབོད་སྐུལ་གནང་ཞིང། ཕྱི་ལོ་ ༢༠༡༧ ལོར། རྒྱ་གར་དུ་ཆོས་ལུགས་དབུ་ཁྲིད་རྣམས་མཉམ་ཞུགས་བྱས་པའི་ཆོས་ལུགས་ཕན་ཚུན་གྲོས་མོལ་ལ་བརྟེན་ནས་འཛམ་གླིང་ཞི་བདེ་དང་འཆམ་མཐུན་ཞེས་པའི་ཚོགས་འདུར་ཕེབས་ཞུགས་གནང་བ་དང། ཕྱི་ལོ་ ༢༠༡༩ ལོར། ༸གོང་ས་མཆོག་གི་མཚན་ཐོག་ཏུ་ཡོད་པའི་འཇིག་རྟེན་ཀུབ་ཁྱབ་འགན་ཁུར་ཐེབས་རྩ་ཁང་ནས་མཐུན་རྐྱེན་སྦྱར་ཏེ་ཆོས་ལུགས་ཁག་གི་གཞོན་སྐྱེས་གནས་སྐོར་དང་གྲོས་མོལ་གྱི་ཚོགས་འདུ་ཐེངས་ ༡༥ པ་བྷེང་ལོར་དུ་སྐོང་ཚོགས་གནང་ཡོད་ལ། ༸གོང་ས་མཆོག་གི་ལམ་སྟོན་དང་རྒྱབ་སྐྱོར་ལ་བརྟེན་ནས་དེ་ལྟ་བུའི་ཚོགས་འདུ་མང་དག་ཅིག་སྐོང་ཚོགས་གནང་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབྱིན་སྐད་དུ་དཔེ་དེབ་བརྒྱ་ཕྲག་བརྒལ་བརྩམས་པའི་ཁོངས། ཕྱི་ལོ་ ༡༩༩༦ ལོར་ལྗགས་རྩོམ་མཛད་པའི་སེམས་བཟང་པོ། ནང་པའི་ལྟ་ཚུལ་གྱི་ཐོག་ནས་ཡེ་ཤུའི་བསྟན་དོན་ལ་དཔྱད་པ། ཕྱི་ལོ་ ༡༩༩༨ ལོར་བདེ་སྐྱིད་ཀྱི་བསྟན་བཅོས། ཕྱི་ལོ་ ༡༩༩༩ ལོར་སྟོང་ལོ་གསར་པའི་ཆེད་དུ་བཟང་སྤྱོད། ཕྱི་ལོ་ ༢༠༠༥ ལོར་རྡུལ་ཕྲན་གཅིག་སྟེང་གི་འཇིག་རྟེན། ཚན་རིག་དང་ནང་དོན་རིག་པའི་མཉམ་འབྲེལ། ཕྱི་ལོ་ ༢༠༡༠ ལོར་ཆོས་ལུགས་རྣམས་དོན་དམ་གྱི་སྤུན་ཉེའི་ཕྱོགས་སུ་སྐྱོད་པ། འཛམ་གླིང་གི་ཆོས་ལུགས་རྣམས་མཉམ་འབྲེལ་ཡོང་ཐབས། ཕྱི་ལོ་ ༢༠༡༡ ལོར་ཆོས་ལུགས་ཀྱི་མཚམས་ལས་འདས་པ། འཛམ་གླིང་ཡོངས་ཀྱི་ཆེད་དུ་བཟང་སྤྱོད་སོགས་རྩོམ་འགྲེམས་དང་། འཛམ་གླིང་གི་སྐད་ཡིག་ཆེ་ཁག་མང་པོའི་ནང་ཕབ་བསྒྱུར་གྱིས་འགྲེམས་སྤེལ་རྒྱ་ཆེར་བྱུང་བ་དང་།
དེ་བཞིན་མང་ཚོགས་གསུང་བཤད་དང་། བགྲོ་གླེང་། བཅར་འདྲི། ཕྱོགས་ཕེབས་སོགས་ཀྱི་སྐབས་དུས་སོ་སོར་ཆོས་ལུགས་ཕན་ཚུན་གྲོས་མོལ་དང་འཆམ་མཐུན་གྱི་སྒོ་ནས་མིའི་བཟང་སྤྱོད་གོང་སྤེལ་དང་། འཛམ་གླིང་ཞི་བདེ། ཁོར་ཡུག་སྲུང་སྐྱོབ་སོགས་འགྲོ་བ་སྤྱིའི་བདེ་རྩར་རོགས་འདེགས་ཕན་གྲོགས་གནང་གལ་གྱི་བཀའ་སློབ་ལ་ལྟ་ཉན་བྱེད་མཁན་མི་ཚོགས་འདུ་ལོང་ཆེས་ཆེར་བྱུང་བའི་ཁར། འཛམ་གླིང་གི་གསར་འགྱུར་བརྒྱུད་ལམ་སྐད་གྲགས་ཆེ་བ་ཕལ་ཆེ་བས་བརྒྱུད་བསྒྲགས་རྒྱ་ཆེར་བྱུང་སྟེ། ལོ་ངོ་བཅུ་ཕྲག་དུ་མའི་རིང་འཇིག་རྟེན་འདིར་ཐུན་མོང་གི་ངོས་འཛིན་གཅིག་གྱུར་ཐོབ་ཡོད།
༸གོང་ས་མཆོག་གི་དེང་རབས་ཤེས་ཡོན་ལམ་ལུགས་ནང་བཟང་སྤྱོད་དང་། སེམས་ཁམས་བདེ་ཐང་། འཇིག་རྟེན་ཀུན་ཁྱབ་ཀྱི་འགན་ཁུར་སློབ་ཁྲིད་དགོས་གལ་གྱི་ལམ་སྟོན་རྣམས་ཤེས་ཡོན་སྡེ་ཚན་དུ་ཁྱབ་འཕེལ་འགྲོ་བཞིན་པ་དཔེར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག །རིག་གཞུང་སྒྲིག་འཛུགས་ཀྱི་རིག་གཞུང་ཕན་ཚུན་གྲོས་མོལ་ལས་གཞི་དང་། འཛམ་གླིང་ཆོས་ལུགས་གྲོས་ཚོགས་ཀྱིས་ཆོས་ལུགས་ཕན་ཚུན་གྲོས་མོལ་ལས་གཞི། ཞི་བདེ་ཕོ་ཉའི་ལས་འགུལ་དྲ་བས་ཆོས་ལུགས་དབུ་ཁྲིད་ཀྱིས་ཞི་བདེ་འཛུགས་སྐྲུན་ཐོག་བྱེད་ནུས་འདོན་ཐབས་ཀྱི་ལས་འཆར། ཆོས་ལུགས་རྣམས་ཞི་བདེའི་ཆེད་དུ་ཞེས་པའི་སྒྲིག་འཛུགས་ཀྱིས་ཆོས་ལུགས་ཕན་ཚུན་གྲོས་མོལ་དང་མཉམ་འབྲེལ་གྱི་བྱེད་སྒོ། སེམས་དང་སྲོག་གི་ཞིབ་འཇུག་ཁང་གི་ཚན་རིག་དང་ནང་ཆོས་ཀྱི་བགྲོ་གླེང་། འཛམ་གླིང་ཞི་བདེ་ལྷན་ཚོགས་ཀྱི་ཞི་བདེ་སྐུལ་སྤེལ་ལས་འགུལ། གོ་ལའི་བཟང་སྤྱོད་ཐེབས་རྩ་ཁང་གི་གོ་ལའི་བཟང་སྤྱོད་སྐུལ་སྤེལ་གྱི་ལས་འགུལ། རྒྱ་གར་གྱི་རྒྱལ་ཡོངས་ཤེས་ཡོན་ཞིབ་འཇུག་དང་སྦྱོང་བརྡར་ལྷན་ཚོགས་ཀྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་སྦྱོང་བརྡར་ལས་གཞི་སོགས་རྒྱལ་སྤྱིའི་སྒྲིག་འཛུགས་དང་གཞུང་ཁོངས་མིན་པའི་ཚོགས་པ་ཇི་སྙེད་ཅིག་གིས་དངོས་བརྒྱུད་ཅི་རིགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞེད་སྲོལ་ཉམས་ལེན་ལག་བསྟར་བྱེད་བཞིན་ཡོད་ལ།
ཨ་རིའི་ཨེ་མོ་རེ་སློབ་ཆེན་དང་། ཝེ་སི་ཀོན་སིན་སློབ་ཆེན། སི་ཊན་ཕྷོརཌ་སློབ་ཆེན། ཝར་ཇི་ནི་ཡ་སློབ་ཆེན། ལྷོ་ཀ་ལི་ཧྥོར་ནི་ཡ་སློབ་ཆེན་དང་། ཀ་ལི་ཕྷོར་ནི་ཡ་མངའ་སྡེའི་ཤེས་ཡོན་ལྷན་ཚོགས་ཁོངས་ཀྱི་སློབ་གྲྭ་ཆུང་འབྲིང་། ཨིན་ལན་གྱི་ཁེམ་བྷ་རི་ཇི་སློབ་ཆེན་གྱི་༸ཏཱ་ལའི་བླ་མའི་ཆོས་ལུགས་ཕན་ཚུན་གོ་རྟོགས་ལྟེ་གནསདང་། ཨོ་གླིང་གི་གྷྲི་ཕྷིཐ་སློབ་ཆེན་དང་། ཇར་མན་གྱི་ཐུ་བྷིན་གེན་སློབ་ཆེན་དང་། ཉི་ཧོང་གི་སོ་ཕྷི་ཡ་སློབ་ཆེན་དང་། ཁེ་ན་ཌའི་མེཀ་གྷིལ་སློབ་ཆེན་ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོའི་གཙུག་ལག་རབ་འབྱམས་པ་སོགས་ཀྱི་སློབ་ཚན་ཁོངས་སུའང་བཅུག་ཡོད།
དེ་བཞིན་དུ་སེམས་དང་སྲོག་གི་བསྟི་གནས་ཁང་དང་། དབང་རྩའི་ཚན་རིག་གི་ཞིབ་འཇུག །བཟང་སྤྱོད་ཀྱི་གྲོས་བསྡུར་སོགས་༸གོང་ས་མཆོག་གི་དགོངས་གཞི་ལས་མཆེད་པའི་ཆེད་ལས་རིག་ཚན་སྣ་མང་ཡར་རྒྱས་དང་ཁྱབ་འཕེལ་འགྲོ་བཞིན་པ་ཡིན།
རྒྱལ་ཁབ་མང་པོའི་ནང་རིག་གཞུང་སྣ་མང་དང་། ཆོས་ལུགས་རིས་མེད་སོགས་ཀྱི་སྲིད་བྱུས་གཏན་འབེབས་བྱེད་སྐབས་སུའང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆོས་ལུགས་ཕན་ཚུན་གྲོས་མོལ་གྱི་དགོངས་བཞེད་ལ་གཞི་བཅོལ་ཡོད་ཅིང། དེ་བཞིན་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱི་གྲོས་མོལ་དང་འཕེལ་རྒྱས་ཀྱི་ཆེད་དུ་རིག་གཞུང་སྣ་མང་གི་འཛམ་གླིང་ཉིན་མོ་ཞེས་པའི་གྲོས་ཆོད་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཆོས་ལུགས་སམ་དད་མོས་རྒྱུ་མཚན་དུ་བྱས་ཏེ་གཞན་ལ་མི་བཟོད་པ་དང་། དམན་པར་ལྟ་བ། དམའ་འབེབས། དབྱེ་འབྱེད། འཚེ་བར་སྐུལ་སློང་དང། འཚེ་བ་བྱེད་པ་བཅས་ལ་འགོག་རྒོལ་ཞེས་པའི་གྲོས་ཆོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱིས་ཞི་བདེའི་ཆེད་དུ་ཆོས་ལུགས་དང་རིག་གཞུང་ཕན་ཚུན་གྲོས་མོལ་དང་། གོ་ཤེས་ཉན་ཤེས། མཉམ་ལས་བཅས་ལ་སྐུལ་འདེད་ཅེས་པའི་གྲོས་ཆོད་གཏན་འབེབས་བྱས་པ་དེ་དག་ཏུ་༸གོང་ས་མཆོག་གིས་ཡུན་རིང་ནས་ལམ་སྟོན་གནང་བའི་ཆོས་ལུགས་ཕན་ཚུན་གྲོས་མོལ་གྱི་རྩ་དོན་མང་པོ་མཚོན་ཡོད།
ཡིན་ནའང་། རྒྱ་ནག་གུང་ཁྲན་གཞུང་གིས་ཆོས་ལུགས་འཆམ་མཐུན་དང་། བཟང་སྤྱོད་དར་སྤེལ། འཛམ་གླིང་ཞི་བདེ་བཅས་འགྲོ་བ་མིའི་ཐུན་མོང་གི་བསམ་འདུན་ལ་རྒྱབ་ཀྱིས་ཕྱོགས་ཏེ། བོད་ནང་བོད་མི་རིགས་རྩ་མེད་གཏོང་བའི་སྲིད་ཇུས་གདུག་རྩུབ་ཆེན་པོའི་ངང་སྤེལ་བཞིན་པ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་དང་། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་སོགས་རང་དབང་ཅན་གྱི་ཞིབ་འཇུག་ཁང་ཁག་གི་སྙན་ཐོ་བསྟུད་མར་ཐོན་བཞིན་པ་མ་ཟད། ཡུ་རོབ་མཐུན་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐུ་ཚབ་ཚོགས་ཆུང་གི་ཕྱི་ཟླ་ ༦ པའི་སྙན་ཐོ་དང། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་པའི་སྙན་ཐོ་སོགས་སྔ་རྗེས་སུ་ཐེར་འདོན་བྱས་ཡོད་ལ། ཨ་མེ་རི་ཀའི་ཁྲིམས་རྩོད་པའི་ལྷན་ཚོགས་ (ABA) ནས་ཕྱི་ཟླ་ ༨ ཚེས་ ༥ ཉིན་བོད་དོན་སྐོར་གྲོས་ཆོད་བཞག་པའི་ནང་།ཨ་མེ་རི་ཀའི་ཁྲིམས་རྩོད་པའི་ལྷན་ཚོགས་ཀྱིས། ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གོ་ལའི་ནག་ཉེས་ཁྲིམས་ཞིབ་ཡིག་ཚང་ནས་བོད་ནང་མི་རིགས་རྩ་མེད་དང་། མི་སྤྱོད་ལས་འདས་པའི་ནག་ཉེས། འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་བའི་གནད་དོན་གཞན་བཅས་ཀྱི་སྐོར་ལ་ཞིབ་འཇུག་གིས་སྙན་ཐོ་འདོན་འགྲེམས་དགོས་པའི་ནན་སྐུལ་བྱ་རྒྱུ་ཞེས་འཁོད་འདུག
རྒྱ་ནག་གུང་ཁྲན་སྲིད་གཞུང་གིས། དེང་སང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་འཛུགས་ཟེར་བའི་སྲིད་ཇུས་དེས་འགྲོ་འོང་དང་། སྤེལ་རེས། འདྲེས་བསྲེ་བཅས་གོམ་སྟབས་གསུམ་ལ་བརྟེན་ནས་བོད་མི་རིགས་རྩ་མེད་གཏོང་བའི་འཆར་གཞི་དང་དམིགས་ཚད་བཟུང་སྟེ། ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས། ཆོས་ལུགས། སློབ་གསོ་སོགས་ཀྱི་གཞུང་འབྲེལ་བྱེད་སྒོ་ཕལ་མོ་ཆེའི་ནང་གཞི་རྒྱ་ཆེ་བའི་ཐོག་ནས་ལག་བསྟར་བྱེད་བཞིན་པ་མ་ཟད། བོད་ས་སྟོད་སྨད་བར་གསུམ་དུ་གྲོང་དང་གྲོང་བརྡལ། དགོན་སྡེ། སློབ་གྲྭ་བཅས་སུ་སློབ་སྦྱོང་དང་། ཟབ་ཁྲིད། གཏམ་བཤད། འདུ་འཛོམས། འགྲན་བསྡུར་སོགས་བྱེད་སྒོ་སྣ་ཚོགས་བརྒྱུད། མངོན་སུམ་འཛེམས་མེད་དུ་བོད་མི་རིགས་རྣམས་སོ་སོའི་ངོ་བོ་དོར་ཏེ་ཀྲུང་ཧྭ་མི་རིགས་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་དགོས་ལུགས་བཙན་འགེལ་བྱེད་བཞིན་ཡོད།
བོད་ཀྱི་ལོ་རྒྱུས་འཁྱོག་བཤད་དང་། མི་རིགས་ཀྱི་ངོ་བོ་ནག་བསུབ། མི་ཚེ་སྐྱེལ་སྟངས་བཙན་བསྒྱུར་ལྟེ་བར་དམིགས་པའི་སྲིད་ཇུས་དེའི་ཆ་ཤས་སུ། བོད་མི་རིགས་དང་བོད་བརྒྱུད་ནང་བསྟན་གྱི་ཁྱད་ཆོས་ལྡན་པའི་འཛུགས་སྐྲུན་དང་བཟོ་བཀོད། རི་མོ་སོགས་བཤིག་གཏོར་དང་། བོད་ཕྲུག་ས་ཡ་གཅིག་ལྷག་མི་སེར་སྤེལ་ཡུལ་རིང་ལུགས་ཀྱི་གཏན་འཇགས་སློབ་གྲྭའི་ནང་ཕྱི་རྒྱར་སྒོ་བསྡམས་ཀྱིས་རྒྱའི་སྐད་ཡིག་དང་ལྟ་སྤྱོད་སློབ་སྤེལ་བྱེད་བཞིན་པའི་ཐོག །དེ་དག་གི་དཔེ་མཛོད་ཁང་དུ་ཡོད་པའི་ཆོས་ལུགས་དང་། ལོ་རྒྱུས། རིག་གནས་སོགས་བོད་མི་རིགས་དང་འབྲེལ་ཡོད་ཀྱི་དཔེ་དེབ་ཆ་ཚང་ཕྱིར་བསྡུ་དང་། སློབ་གྲྭའི་དཀྱིལ་འཁོར་དུ་ཐོན་མི་སཾ་བྷོ་ཊ་དང། གནའ་དེང་མཁས་པ་སོགས་ལོ་རྒྱུས་མི་སྣའི་པར་རིས་དང་སྐུ་བརྙན་རྣམས་སློབ་ཕྲུག་གི་མཐོང་ལམ་དུ་མི་མངོན་པར་བྱས་པ་སོགས་ཀྱི་གནས་ཚུལ་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད།
དེ་བཞིན་དུ་ཕྱི་ཟླ་ ༦ ནང་ཨ་མདོ་རྔ་བ་ཁུལ་དུ་དགེ་འདུན་པ་དང་བཙུན་མ་བརྒྱ་ཕྲག་དུ་མ་དགོན་པ་ནས་བཙན་དབང་གིས་ཕྱིར་འབུད་དང་། ཕྱི་ཟླ་ ༦ ནང་དུས་རབས་ ༡༩ ནང་བཞེངས་སྐྲུན་གནང་བའི་ཨ་ཚོགས་དགོན་པ་ཤུལ་མེད་དུ་གཏོར་བ། ཕྱི་ཟླ་ ༧ ནང་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་སྒོ་བརྒྱབ་པ་སོགས་ཡ་ང་བའི་གནས་ཚུལ་འདི་དག་གིས་རྒྱ་ནག་གུང་ཁྲན་སྲིད་གཞུང་ནི་མང་གཙོ་དང་རང་དབང་། དྲང་བདེན། འདྲ་མཉམ། འཆམ་མཐུན་བཅས་འགྲོ་བ་མིའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་སྟབས་ལས་ལྡོག་སྟེ། མི་སེར་སྤེལ་ཡུལ་རིང་ལུགས་ཀྱི་གདུག་རྩུབ་ཆེ་བའི་མུན་ནག་དུས་རབས་ནང་ཕྱིར་བཤིག་རྒྱག་གི་ཡོད་པ་གསལ་པོ་ཆགས་ཡོད་ལ། རྒྱ་གཞུང་གིས་སོ་སོའི་ངན་སྤྱོད་དེ་རིགས་ཕྱི་ལ་སྦས་སྐུང་ཡང་བྱེད་ཀྱི་མེད།
ཕྱི་ཟླ་ ༧ ཚེས་ ༡༢ ཉིན་ཨ་རིའི་སྲིད་འཛིན་བྷའེ་ཌན་མཆོག་གིས་ཆོག་མཆན་གསལ་བསྒྲགས་གནང་བའི་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་ཀྱི་ཁྲིམས་ཡིག་ཏུའང་།རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ད་ལྟའི་སྲིད་ཇུས་དེས་འཆར་གཞི་ལྡན་པའི་སྒོ་ནས་བོད་མི་ཚོས་སོ་སོའི་ཆོས་དང༌། རིག་གཞུང༌། སྐད་ཡིག །ལོ་རྒྱུས། མི་ཚེ་སྐྱེལ་སྟངས་དང་ཁོར་ཡུག་བཅས་སྲུང་སྐྱོབ་བྱེད་པའི་ནུས་སྟོབས་ལ་འགོག་གནོན་བྱེད་བཞིན་ཡོད་ཅེས་རྒྱ་གཞུང་གི་ངན་ཇུས་ཐེར་འདོན་མཛད་ཡོད་པ་མ་ཟད། ཁྲིམས་ཡིག་དེའི་ནང། བོད་ཀྱི་ལོ་རྒྱུས་དང་། བོད་རྒྱའི་རྩོད་རྙོག་གི་གནས་བབ། རྩོད་རྙོག་སེལ་ཐབས་ཐོག་ཨ་རི་གཞུང་གི་སྲིད་ཇུས་བཅས་གསལ་ཡོད་པའི་སྐོར་འདི་ལོའི་༸སྐུའི་འཁྲུངས་སྐར་གྱི་གཏམ་བཤད་དུ་རོབ་ཙམ་ཞུས་ཟིན་པ་ལྟར་ཡིན།
དེ་བཞིན་དུ་ཁེ་ན་ཌའི་གྲོས་ཚོགས་ནས་ཕྱི་ཟླ་ ༦ ནང་སྤྱི་མོས་ཀྱི་གྲོས་ཆོད་ཅིག་བཞག་པའི་ནང་། བོད་མི་མང་དང་རྒྱལ་ཁབ་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པས། ཕྱིའི་གནོན་ཤུགས་གང་ཡང་མེད་པའི་སྒོ་ནས་སོ་སོའི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གཞུང་དང་ཆོས་ལུགས་སྲིད་ཇུས་རང་དབང་གི་སྒོ་ནས་འདོད་འདེམས་བྱེད་ཆོག་སྐོར་བཀོད་འདུག་པ་མ་ཟད། རྒྱ་ནག་གཞུང་གིས་བོད་མི་ཚོར་འཆར་གཞི་ལྡན་པའི་སྒོ་ནས་རིག་གཞུང་འདྲེས་བསྲེའི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་གསལ་འདོན་གནང་ཡོད།
བོད་མི་ཚོས་སོ་སོའི་མི་རིགས་ཀྱི་ངོ་བོ་གཅེས་ཉར་དང་། རིག་གཞུང་ཡར་རྒྱས་ཀྱི་འདོད་འདུན་ནི་དྲག་གནོན་དང་བཙན་དབང་གི་ངན་ཇུས་གང་གིས་ཀྱང་འགོག་གནོན་བྱེད་ཐབས་མེད་ངེས་ཡིན་ཞིང། རྒྱ་ནག་གུང་ཁྲན་སྲིད་གཞུང་གི་བརླང་སྤྱོད་དེ་རིགས་ཡོ་བསྲང་དང་མཚམས་འཇོག་གི་ཐབས་ཤེས་གང་ཡོང་བསྟེན་རྒྱུ་ནི་རང་དབང་ལུང་པར་གནས་འཁོད་བཙན་བྱོལ་བོད་མི་རྣམས་ཀྱི་འདོར་དུ་མེད་པའི་ལས་འགན་གཙོ་ཆེ་ཤོས་དེ་ཡིན་པས། བཀའ་ཤག་གི་དེར་གདོང་ལེན་གྱི་ཐབས་ཇུས་དང་ལས་འཆར་ཁག་རིམ་པར་སྤེལ་རྒྱུར་ཚང་མའི་ནུས་པ་མཉམ་སྤུངས་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད།
དུས་ཆེན་འདིའི་དགའ་སྟོན་ལ་རོལ་བ་དང་ཆབས་ཅིག །ད་དུང་ང་ཚོའི་མང་གཙོའི་ལམ་ལུགས་འདི་འཐུས་ཚང་ཡར་རྒྱས་གཏོང་རྒྱུར་སྟོང་ཆ་གང་མང་ཡོད་པའི་གནད་ཀ་ངོས་འཛིན་བྱེད་དགོས་པ་དང་། ལྷག་པར་དུ་སྤྱི་སྙོམས་དྲང་བདེན་འགན་ལེན་བྱེད་པའི་ཁྲིམས་སྒྲིག་རྣམས་ཆ་ལག་ཚང་བ་ཞིག་བཟོ་རྒྱུ་ནི་ཁ་ཚ་དགོས་གཏུག་ཆགས་ཡོད་པས། འབྲེལ་ཐོགས་ཡོངས་ནས་རང་འཁྲིའི་འགན་ཁུར་འཐུས་ཤོར་མེད་པ་དགོས་རྒྱུ་གལ་ཆེན་ཡིན།
མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མཛད་ཉི་ཟླའི་འོད་ལྟར་གསལ་ཞིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་གྲུབ་སྟེ། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན། བཀའ་ཤག་ནས་ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༢ ལ། །