༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་ ༩ པའི་ཚེས་ ༥ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་རྟེན་གཞི་བྱས་པའི་སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁས་མང་འདུས་པ་རྒྱ་མཚོར་བསྙེན་བཀུར་ཟབ་རྒྱས་དང་འབྲེལ་བྱེས་གཙང་མཁན་སྤྲུལ་བསྟན་འཛིན་བློ་གྲོས་མཐའ་ཡས་རིན་པོ་ཆེ་མཆོག་ཁྲི་འདོན་ཆོས་ཞུགས་དང་། ཉིན་གུང་ཁྲི་འདོན་མཛད་སྒོ་ཞིག་ཚོགས་པའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་སྐུ་མགྲོན་དུ་གདན་ཞུས་ལྟར་མཉམ་ཞུགས་གནང་ཡོད་པ་རེད། གཞན་ཡང་ཁྲི་འདོན་མཛད་སྒོའི་ཐོག་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་མི་འགྱུར་རྡོ་རྗེ་མཆོག་དང་། སྤྱི་འཐུས་ཆོས་འཕེལ་ཐུབ་བསྟན་མཆོག་རྣམ་གཉིས་མཉམ་ཞུགས་གནང་ཡོད་འདུག
ཕྱི་ཚེས་ ༣ ཉིན་བོད་མིའི་སྒྲིག་འཛུགས་ནས་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ཁང་ (India International Centre) དུ་གོ་སྒྲིག་ཞུས་པའི་བོད་ཀྱི་དུས་སྟོན་མཛད་སྒོའི་རིག་གཞུང་འཁྲབ་སྟོན་གྱི་ལས་རིམ་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གདན་ཞུས་ལྟར་མཉམ་ཞུགས་དང་། དེ་བཞིན་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཉེ་ཆར་གསར་དུ་བསྐོ་གཞག་གནང་བའི་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཨོ་རི་ས་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་བྷར་ཏུར་ཧ་རི་ མཱ་ཏེབ་ (Shri Bhartruhari Mahtab, Convener of All Party Indian Parliamentary Forum for Tibet (APIPFT)) མཆོག་དང་།ཚོགས་གཞོན་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཊ་པིར་ གྷའོ་ (Shri Tapir Gao, Co-Convener of the APIPFT) མཆོག རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཟུར་པ་སྐུ་ཞབས་སུ་ཇིཏ་ ཀུ་མར་ (Shri. Sujeet Kumar) མཆོག་བཅས་དང་ལྷན་མཇལ་འཕྲད་གནང་འདུག་པ་དང་། དེ་བཞིན་སྦེལ་ཀོབ་ཏུ་གཞུང་འབྲེལ་ཕྱོགས་ཕེབས་སྐབས། དཔལ་ལྡན་ཚོགས་གཞོན་མཆོག་ནས་བཀྲ་ཤིས་ལྷུན་པོ་དང་། རྣམ་གྲོལ་གླིང་། སེར་བྱེས་ཡིད་དགའ་ཆོས་གླིང་དགོན་པ་བཅས་སུ་གནས་མཇལ་དང་། གཞིས་ཆགས་ཀྱི་རྒས་གསོ་ཁང་ལ་གཟིགས་སྐོར། ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་མཇལ་འཕྲད་ཀྱིས་ཚོགས་འདུ་ཚོགས་པ། ཧོན་སུར་ས་གནས་ཀྱི་རྫོང་དཔོན་ལས་རོགས་སྐུ་ཞབས་ཝི་ཇ་ཡ་ ཀུ་མཱ་རཱ་ (Shri Vijaya Kumara, the Assistant Commissioner of Hunsur) མཆོག་དང་མཇལ་འཕྲད་བཅས་གནང་འདུག་པ་བཅས། །