༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བསུ་ན་མདའ་བཀྲ་ཤིས་གླིང་མཉམ་འབྲེལ་ཚོགས་ཁང་དུ་ཕྱི་ལོ་ ༢༠༢༤ ཟླ་བ་ ༩ ཚེས་ ༢༥ ནས་ཟླ་བ་ ༡༠ ཚེས་ ༡ བར་གྱི་བྱང་ཤར་ཁུལ་གྱི་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་དབུ་འབྱེད་གནང་ཡོད།
དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་རྡོར་གླིང་གུམ་གུ་རུ་ས་སྐྱ་དགོན་པའི་མཁན་རིན་པོ་ཆེ་བྱམས་པ་དཔལ་ལྡན་བཟང་པོ་མཆོག་གིས་དབུས་པའི་དམིགས་བསལ་སྐུ་མགྲོན་བྱང་ཤར་བོད་མིའི་གཞིས་ཆགས་ཁག་གི་སྤྱི་ཁྱབ་ས་གནས་འགོ་འཛིན་རྡོ་རྗེ་རིག་འཛིན་ལགས་དང་། བསུ་ན་མདའ་མཉམ་འབྲེལ་ཚོགས་གཙོ། དེ་བཞིན་བསུ་ན་མདའ་སཾ་བྷོ་ཊའི་དགེ་ཆེ་བཅས་ཚོགས་ཞུགས་གནང་། མཛད་སྒོའི་ཐོག་མར་ཤེས་རིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ཀྱིས་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་རིགས་ལམ་འདུ་འཛོམས་ཀྱི་བྱུང་རིམ་དང་ལས་རིམ་གོ་སྒྲིག་ཞུ་ཕྱོགས་ཀྱི་ངོ་སྤྲོད་མདོར་བསྡུས་དང་། ཐེངས་འདིའི་རིགས་ལམ་འདུ་འཛོམས་ནང་བལ་ཡུལ་ཁུལ་གྱི་སློབ་གྲྭ་བཞི་དང་། བྱང་ཤར་ཁུལ་གྱི་སཾ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭ་བཞི་བཅས་སློབ་ཁག་བརྒྱད་ནས་སློབ་ཕྲུག་ཕོ་མོ་གྲངས་ ༩༠ དང་། དགེ་རྒན་གྲངས་ ༨ བཅས་ཁྱོན་བསྡོམས་དགེ་སློབ་གྲངས་ ༩༨ ནས་མཉམ་ཞུགས་གནང་ཡོད་པ་བཅས་ཀྱི་ངོ་སྤྲོད་མདོར་བསྡུས་གནང་རྗེས། ལྟ་གྲུབ་དགེ་རྒན་སྐུ་ཚབ་བལ་ཡུལ་རྣམ་རྒྱལ་མཐོ་སློབ་ཀྱི་ལྟ་གྲུབ་རྒན་ལགས་ཀྱིས་རིགས་ལམ་ནི་སྔ་མོ་བོད་ནང་དགེ་འདུན་པ་ཚོས་སློབ་སྦྱོང་གནང་ཞིང་། རྗེས་སུ་བོད་ནང་དུས་འགྱུར་དབང་གིས་རྒྱ་གར་དུ་བཙན་བྱོལ་དུ་གྱར་རྗེས་༸རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་གྱིས་བཙུན་མ་ཚོས་ཀྱང་སློབ་སྦྱོང་གནང་བ་མ་ཟད། གཞི་རིམ་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོ་ལའང་རིགས་ལམ་སློབ་སྦྱོང་བྱེད་རྒྱུ་གོ་སྐབས་བཟང་པོ་ཞིག་ཐོབ་ཅིང་། རིགས་ལམ་སྦྱངས་པ་ལ་བརྟེན་ནས་སློབ་ཕྲུག་ནང་ཁུལ་བསམ་ཚུལ་མ་མཐུན་པ་ཞིག་བྱུང་སྐབས་ཁ་རྩོད་དམ་འཁྲུག་འཛིང་སོགས་བྱེད་པ་མ་ཡིན་པར། ཕན་ཚུན་གནས་ལུགས་རྒྱུ་མཚན་བཤད་པའི་ཐོག་ནས་གནད་དོན་ཐག་གཅོད་བྱ་རྒྱུར་ཕན་ཐོགས་ཡོང་གི་ཡོད་པ་མ་ཟད། རིགས་ལམ་འདུ་འཛོམས་སྐབས་སློབ་ཕྲུག་ཚོར་ལྟ་གྲུབ་དགེ་རྒན་འདྲ་མིན་གྱི་དྲུང་ནས་རིགས་ལམ་གྱི་དཀའ་གནད་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་དང་ཆབས་ཅིག སློབ་ཕྲུག་ཕན་ཚུན་མཉམ་མྱོང་བརྗེ་རེས་སོགས་ཀྱི་བརྒྱུད་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་པ་བཅས་ཀྱི་སྐོར་གསུངས།དེ་ནས་དམིགས་བསལ་སྐུ་མགྲོན་བྱང་ཤར་བོད་མིའི་གཞིས་ཆགས་ཁག་གི་སྤྱི་ཁྱབ་ས་གནས་འགོ་འཛིན་ནས་སློབ་ཕྲུག་རྣམས་ལ་བླང་དོར་ལམ་སྟོན་གནང་སྐབས། སྤྱིར་རིགས་ལམ་གྱི་གལ་གནད་སྐོར་སྐུ་མགྲོན་གཙོ་བོ་མཆོག་ནས་གསུང་རྒྱུ་ཡིན་སྟབས་ངས་དེ་ཐོག་དམིགས་བསལ་ཞུ་རྒྱུ་མིན་ཡང་། ཁྱེད་ཚོས་རྟགས་གསལ་གཏོང་བ་དེས་སློབ་སྦྱོང་བྱེད་པའི་སྐབས་ཕན་ཐོགས་ཡོད་པ་མ་ཟད། མི་ཚེ་ཧྲིལ་པོར་ཕན་ཐོགས་ཆེ་བའི་བོད་ཀྱི་ཐུན་མིན་རིག་གནས་ཤིག་ཡིན་སྟབས། སློབ་གྲྭ་ཁག་ནང་དགེ་རྒན་སོགས་གང་ཅིའི་མཐུན་རྐྱེན་ཕུན་སུམ་ཚོགས་པ་ཡོད་པ་རྣམས་ཆུད་ཟོས་སུ་མི་གཏོང་བར། དུས་ཚོད་དམ་འཛིན་གྱིས་གོ་སྐབས་གང་ཡོད་དང་དུ་བླང་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་ཡིན། དེ་དང་ཕྱོགས་མཚུངས་གཞན་ལ་བརྙས་བཅོས་དང་། བསླུ་བྲིད་ལ་སོགས་པའི་བྱ་སྤྱོད་ངན་པའི་རིགས་དོར་བྱའམ་སྤང་བྱ་ཡིན་པ་སེམས་ལ་བཅངས་ཏེ་ལག་བསྟར་བྱས་ན། མི་ཚེ་ཧྲིལ་པོར་ཕན་ཐོགས་ཡོང་ངེས་ཡིན། དེ་དང་ཆབས་ཅིག་ང་ཚོ་བོད་པའི་སློབ་ཕྲུག་ཚོར་སློབ་ཕྲུག་གཞན་དང་མི་འདྲ་བར་ལས་འགན་འཕར་མ་ཞིག་ཡོད་པ་ནི། ང་ཚོའི་ཕ་ཡུལ་བོད་དེ་ཁྱིམ་མཚེས་ངན་པ་ཞིག་གིས་ཧམ་ཟོས་ཀྱིས་བོད་མི་རྣམས་སོ་སོའི་ལུང་པ་ནས་ཕྱིར་ཕུད་བཏང་སྟེ། ཁྱིམ་མཚེས་ཡག་པོ་ཞིག་གི་ནང་གནས་ཚང་གཡར་ནས་བསྡད་ཡོད་སྟབས། བོད་ཕྲུག་རེ་རེའི་མི་ཚེ་གལ་ཆེན་པོར་བརྩིས་ཏེ་སློབ་སྦྱོང་ལ་ཧུར་བརྩོན་གྱིས་དབུ་མའི་ལམ་གྱི་སྲིད་བྱུས་འོག་ནས་སོ་སོའི་ལུང་པ་ཕྱིར་བླང་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་ཡིན་པ་སོགས་ཀྱི་ལམ་སྟོན་གནང་།དེ་ནས་སྐུ་མགྲོན་གཙོ་བོ་རྡོར་གླིང་གུམ་གུ་རུ་ས་སྐྱ་དགོན་པའི་མཁན་རིན་པོ་ཆེས་ཐོག་མར་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་སྐྱབས་མགོན་༸རྒྱལ་བའི་དབང་པོ་གཟིགས་པ་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་བཏང་སྟེ། སློབ་ཕྲུག་རྣམས་ལ་བཀའ་སློབ་ལམ་སྟོན་གནང་དོན་དུ། དེ་རིང་ང་ལ་རིགས་ལམ་གྱི་གལ་གནད་དང་འབྲེལ་བའི་སྐོར་སློབ་ཕྲུག་རྣམས་ལ་བཀའ་སློབ་ལམ་སྟོན་གནང་རོགས་གསུངས་ཀྱང་། ངས་མང་པོ་ཞུ་དགོས་དོན་མི་འདུག ད་ལྟ་ཁྱེད་རང་ཚོས་རྟགས་གསལ་སྤྱན་འབུལ་ཞུ་བར་དོ་སྣང་བྱེད་སྐབས་ཁྱེད་རང་ཚོ་སོ་སོའི་ལོ་ཚད་ལ་དཔགས་པའི་རིགས་ལམ་ཐོག་གོ་རྟོགས་གང་འཚམས་ཡག་པོ་རེད་འདུག དེ་སོང་ཙང་ངས་བཀའ་སློབ་གནང་ཡ་དམིགས་བསལ་གང་ཡང་མི་འདུག་སྟེ། རིགས་ལམ་གྱི་གོ་རྟོགས་དང་དགོས་པ་རྒྱུ་མཚན་ཐོག་ལ་གོང་དུ་ཤེས་ཡོན་འགན་འཛིན་དང་ལྟ་གྲུབ་རྒན་ལགས་གཉིས་ཀྱིས་གསུངས་པ་རྣམས་སློབ་ཕྲུག་རྣམ་པ་ཚོས་ཐུགས་ལ་བཞག་ན། དེང་དུས་ཀྱི་སློབ་ཚན་རྣམས་སློབ་སྦྱོང་བྱེད་རྒྱུར་ཕན་ཐོགས་རྒྱ་ཆེན་པོ་ཡོང་གི་རེད་བསམ་གྱི་འདུག དེ་ལས་ལྷག་པ་ཞིག་ང་ལ་ཞུ་རྒྱུ་གང་ཡང་མེད། ཡིན་ནའང་རིགས་ལམ་ཞེས་པ་འདི་གལ་ཆེན་པོ་ཞིག་ཡིན་པའི་རྒྱུ་མཚན་ནི། རིགས་པས་གནས་ཚུལ་རྣམས་བརྟག་དཔྱད་བཏང་བའི་ལམ་ནས་དངོས་ཡོད་ཀྱི་གནས་ཚུལ་འཚོལ་ཞིབ་བྱེད་ཅིང་། མིས་ཟེར་བའི་རྗེས་སུ་འབྲངས་པ་མ་ཡིན་པ། རང་གི་རྣམ་དཔྱོད་ཀྱིས་རིགས་པས་བརྟགས་ཤིང་དཔྱད་ནས་བདེན་པ་དང་རྫུན་པ་དབྱེ་བ་ཕྱེ་ནས་བླང་དོར་མ་ནོར་བའི་ལམ་ལ་འཇུག་ཐུབ་པ་ཡིན། དེས་ན་དགོས་པ་རྒྱུ་མཚན་གལ་ཆེར་གཟིགས་ནས་ང་ཚོ་གཞི་རིམ་སློབ་གྲྭ་ཁག་གི་ནང་ལ་རིགས་ལམ་སློབ་ཁྲིད་བྱེད་རྒྱུ་འགོ་བཙུགས་པ་ཞིག་རེད། སྔོན་མ་ཕྱི་ལོ་དྲུག་ཅུ་རེ་གྲངས་ནང་སློབ་གྲྭ་ཁག་ནང་ལྟ་གྲུབ་དགེ་རྒན་ཞེས་པ་མེད་ཀྱང་ཆོས་དགེ་ཡོད་པ་རེད། དེ་སྐབས་སློབ་ཕྲུག་ཚོའི་ཁྲོད་རིགས་ལམ་གྱི་གོ་རྟོགས་ཚད་མཐོ་པོ་སླེབས་པ་དེ་འདྲ་བྱུང་ཡོད་པ་རེད། དེ་ནས་རིམ་པས་ཉམས་རྒུད་གང་འཚམས་ཕྱིན་ཏེ་བར་ལམ་ཞིག་ནས་གཞི་རིམ་སློབ་གྲྭ་ཁག་གི་ནང་རིགས་ལམ་སློབ་ཁྲིད་བྱེད་རྒྱུ་མེད་པ་ལྟ་བུ་ཆགས་པ་རེད། ཡིན་ནའང་༸རྒྱལ་བ་དོན་གྱི་བདག་པོའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་སླར་ཡང་གཞི་རིམ་སློབ་གྲྭ་ཁག་གི་ནང་སློབ་སྦྱོང་བྱེད་རྒྱུ་བྱུང་བ་རེད། རིགས་ལམ་ནི་སྤྱིར་མིའི་ཤེས་ཡོན་ཡར་རྒྱས་གཏོང་བྱེད་ལ་མེད་དུ་མི་རུང་བ་ཡིན་པ་དང་། ལྷག་པར་རིགས་ལམ་ནི་ཤེས་ཡོན་ཞིག་ཡིན་སྟབས། སེར་མོ་བར་དགོས་པ་དང་སྐྱ་བོ་ཚོར་མི་དགོས་པའི་རྒྱུ་མཚན་གང་ཡང་མེད་པར་གཟིགས་ཏེ། ཐོག་མར་རབ་བྱུང་ཕོ་མོ་དབྱེར་མེད་ཀྱིས་རིགས་ལམ་སྦྱང་རྒྱུ་འགོ་བཙུགས་པ་དང་། དེ་ནས་གཞི་རིམ་སློབ་གྲྭ་ཁག་གི་ནང་དུའང་འགོ་བཙུགས་པའི་འབྲས་བུར་ད་ལྟ་སློབ་ཕྲུག་ཚོས་དཔེ་མཚོན་གྱི་ཚུལ་དུ་རྟགས་གསལ་གཏོང་སྟངས་སྤྱན་འབུལ་གནང་བ་དེ་ཧ་ཅང་ཡག་པོ་འདུག་གསུངས།གྲུབ་འབྲས་དེ་དག་ནི་གཙོ་བོ་༸རྒྱལ་བ་དོན་གྱི་བདག་པོའི་བཀའ་དྲིན་ཉག་ཅིག་དང་། ལྟ་གྲུབ་དགེ་རྒན་ཚོས་སྐུ་ལས་བསྐྱོན་པ་ལ་བརྟེན་ནས་བྱུང་བ་རེད། སློབ་ཕྲུག་ཚོས་ཀྱང་རང་དོན་རང་གཅེས་སྒོ་ནས་སློབ་གཉེར་དང་འབད་བརྩོན་གནང་བ་ལ་བརྟེན་ནས་བྱུང་བ་ཡིན་དུས། ང་ཚོའི་འབད་བརྩོན་འདི་བོད་ཡིག་དང་ཆོས་ཕྱོགས་གཅིག་པུ་མ་ཡིན་པར། རིགས་ལམ་གྱི་རྣམ་གཞག་རྣམས་ཤེས་ན་ཚན་རིག་དང་ཨང་རྩིས་སོགས་སྦྱོང་བར་བེད་སྤྱོད་ཡོད་པ་མ་ཟད། སློབ་ཚན་དེ་དག་གི་ནང་དོན་དཔྱིད་ཕྱིན་ཤེས་རྟོགས་ལ་ཕན་ཐོགས་ཆེན་པོ་ཡོང་གི་རེད། འདི་ཐད་སྐུ་མདུན་གྱིས་དགོས་པ་རྒྱུ་མཚན་དམིགས་བསལ་ཞིག་ལ་དགོངས་པ་བཞེས་ཡོད་སྟབས། ང་ཚོ་སློབ་གཉེར་གནང་མཁན་ཚོས་ཀྱང་དེ་ལ་ཤུགས་བསྐྱོན་ཏེ་ལྷོད་ཡངས་དུ་མི་འགྲོ་བ་གནང་རྒྱུ་གལ་ཆེན་པོ་རེད། མཐུན་རྐྱེན་གྱི་ཆ་ནས་སློབ་གྲྭ་ཁག་གི་ནང་ལ་རིགས་ལམ་སློབ་ཁྲིད་གནང་མཁན་གྱི་ལྟ་གྲུབ་དགེ་རྒན་ཟུར་དུ་བསྐོ་གཞག་གནང་ཡོད་སྟབས། ཐོག་མར་སློབ་ཕྲུག་ཚོའི་རྒྱུད་ལ་ཤེས་འདོད་ཀྱི་བློ་ངེས་པར་དུ་དགོས་ཀྱི་རེད། ཤེས་འདོད་ཀྱི་བློ་ཡོད་ན་སློབ་ཁྲིད་གནང་མཁན་གྱི་ལྟ་གྲུབ་དགེ་རྒན་དེ་ལ་གུས་བརྩི་དགོས་ཤིང་། ཆ་རྐྱེན་དེ་དག་འཛོམས་ཚེ་སློབ་ཁྲིད་གནང་བའི་སྐབས་ལ་ཐུགས་སྣང་གཟབ་གཟབ་མ་གནང་ཚེ་སྣོད་ཀྱི་སྐྱོན་དུ་འགྱུར་ཉེན་ཆེ། མཐར་སོ་སོས་རིགས་ལམ་ཤེས་སྐབས་ཤེས་ཡོན་གྱི་ངོ་བོར་བསམ་བློ་མ་བཏང་བར་ཕ་རོལ་པོ་ལ་རྩོད་པ་བརྒྱབ་ནས་ཁོ་ཕམ་པར་བྱེད་ཀྱི་ཡིན་བསམ་པ་དང་། ཕ་རོལ་པོ་ལ་མགོ་སྐོར་གཏོང་ཐུབ་པ་བྱེད་ཀྱི་ཡིན་བསམ་པའི་རྣམ་རྟོག་ངན་པ་བཅངས་པ་ཡིན་ན། སྣོད་དྲི་མས་བགོས་ཟེར་བ་དེ་ཡོང་གི་ཡོད་སྟབས། དེ་འདྲ་མ་ཡིན་པར་ལྷག་བསམ་རྣམ་དག་གིས་རང་གིས་ཤེས་པ་དེས་རང་གི་མི་ཚེ་ལ་ཕན་ཐོགས་པ་དང་། དེའི་སྒོ་ནས་བསྟན་པ་ཆབ་སྲིད་གང་ལའང་ལག་ལེན་གྱི་སྒོ་ནས་ཕན་ཐོགས་པ་བྱ་རྒྱུའི་གནད་འགག་དེ་ཐུགས་ལ་བཅང་རྒྱུ་གལ་ཆེན་པོ་འདུག ཡང་རིགས་ལམ་སྦྱོང་སྐབས་འདི་དཀའ་ལས་ཁག་པོ་འདུག འདི་ངས་ཐུབ་ས་མ་རེད་བསམ་པའི་གནས་ཚུལ་དེ་འདྲ་ཡོང་མི་སྲིད་པ་མ་རེད། དེ་འདྲ་ཡོང་སྲིད་ཀྱི་རེད། འོན་ཀྱང་སློབ་སྦྱོང་བྱེད་སྐབས་སྐུ་ངལ་ཡོད་པ་རེད། སྐུ་ངལ་མེད་པར་ལས་སླ་པོ་ཡོང་རྒྱུ་མེད་པ་རེད། འཇམ་མགོན་ས་པཎ་གྱིས། མཁས་པ་སློབ་པའི་དུས་ན་སྡུག །བདེ་བ་འདོད་ལ་མཁས་མི་སྲིད། །ཅེས་གསུངས་པ་ལྟར། ཐོག་མར་མཁས་པར་འགྱུར་བ་ལ་གྲ་སྒྲིག་བྱེད་སྐབས་དཀའ་ལས་ཏན་ཏན་ཡོད་པ་རེད། དཀའ་ལས་རྒྱག་མི་དགོས་པར་བདེ་བར་སྡོད་འདོད་ཀྱི་མི་དེ་མཁས་པ་ཆགས་སྲིད་ཀྱི་མ་རེད་ཅེས་གསུངས་ཡོད། སློབ་སྦྱོང་ཟེར་བ་དེ་ཉི་མ་གཅིག་ལ་ཤེས་འགྲོ་བ་དེ་འདྲ་མ་ཡིན་པར། དཔེར་ན། རང་ལ་དགོས་པའི་ཡོན་ཏན་དེ། །ཉི་མ་རེ་ལ་ཚིག་རེ་ཟུངས། །གང་ཞིག་ཉིན་བརྒྱ་སོང་བ་ན། །ཚིག་བརྒྱ་མ་ལུས་ཁོང་དུ་ཆུད། །ཅེས་པ་ལྟར། སྦྲང་བུས་སྦྲང་རྩི་གསོག་པ་བཞིན་དུ་མུ་མཐུད་ནས་ཤེས་ཡོན་སློབ་སྦྱོང་འབད་བརྩོན་བྱ་དགོས། དེས་ན་ད་ལྟ་ཁྱེད་རང་ཚོས་ཡག་པོ་གནང་འདུག་ལ། ཡར་རྒྱས་ལ་མཐའ་མེད་སྟབས་ད་དུང་ཡག་ནས་ཡག་ཏུ་གཏོང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན་པ་སོགས་ཀྱི་བཀའ་སློབ་གནང་།
མཐར་ཤེས་རིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ནས་སྐུ་མགྲོན་གཙོ་བོ་དབུས་པའི་སྐུ་མགྲོན་རྣམ་པ་དང་། བསུ་ན་མདའ་མཉམ་འབྲེལ་གྱི་འབྲེལ་ཡོད་རྣམ་པ། ཚོགས་བཅར་བ་བཅས་ལ་ཐུགས་རྗེ་ཆེ་ཞུས་ཏེ་དབུ་འབྱེད་མཛད་སྒོ་མཇུག་བསྒྲིལ།།