༄༅། །བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་བྱས་རྗེས་ཅན་གྱི་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་བ་དང་། ཕྱི་འབྲེལ་སྐུ་ཚབ་ལྕམ་ཆུང་བདག་ཀོ་རིན་ལགས་ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༡༠ ཉིན་དགུང་གྲངས་ ༧༤ ཐོག་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་མྱ་ངན་གུས་འདུད་ཞུ་རྒྱུ་ཡིན།
ལྕམ་ཆུང་བདག་ཀོ་རིན་ལགས་ནི་མིག་དཔེར་འོས་པའི་དབུ་ཁྲིད་དང་། སེམས་ཤུགས་ལྡན་པའི་ཕྱི་འབྲེལ་སྐུ་ཚབ་ཅིག་ཡིན་པ་མ་ཟད། བོད་དོན་ལས་འགུལ་ཐོག་ཧུར་བརྩོན་ཆེ་བའི་འཐབ་རྩོད་པ་ཞིག་ཀྱང་ཡིན་པ་རེད། ཁོང་གིས་སུད་སི་སྐུ་ཚབ་དོན་གཅོད་དང་། བོད་མི་མང་སྤྱི་འཐུས་ཀྱི་ལས་ཁུར་བཞེས་ཡོད་པའི་ཁར། ནོར་ཝེ་ནང་དུ་ནོར་ཝེ་བོད་རིགས་ཚོགས་པ་སོགས་ནང་ཕྱག་ལས་གནང་སྟེ། བོད་དོན་འཐབ་རྩོད་ལ་ཞབས་ཞུ་ཡུན་རིང་བསྒྲུབས་ཡོད།
ང་ཚོས་ཚེ་འདས་ལྕམ་ཆུང་བདག་ཀོ་རིན་ལགས་ཀྱི་ལྟོས་བཅས་ནང་མི་ལྷན་རྒྱས་དང་གྲོགས་ཕོ་མོ་ཡོངས་ལ་གདུང་སེམས་མཉམ་སྐྱེ་དང་བཅས་མྱ་ངན་ཞུ་རྒྱུ་དང་ཆབས་ཅིག ཁོང་གིས་སེམས་ཤུགས་དང་བློས་གཏོང་ལྡན་པའི་ངང་བོད་ཀྱི་རང་དབང་འཐབ་རྩོད་ལ་ཞབས་ཞུ་བསྒྲུབས་ཏེ། མི་ཚེ་དོན་སྙིང་ལྡན་པའི་ངང་བཟང་མཐའ་འཁྱོལ་བར་གུས་བཀུར་རྗེས་དྲན་ཞུ་རྒྱུ་ཡིན།
སྤྱིར་ཚེ་འདས་ཆུང་བདག་ཀོ་རིན་ལགས་ནི། ཕྱི་ལོ་ ༡༩༥༠ ལོར་བོད་ཕག་རི་ཡུལ་དུ་འཁྲུངས་ཤིང་། ཀ་ལོན་སྦུག་གི་ཨིན་ཇིའི་སློབ་གྲྭ་སེནྚ་ཇོ་སབ་དང་། སྡེ་ར་ལྡུན་གྱི་ (UCNL) སློབ་གྲྭར་འགྲིམས་རྗེས། ཕྱི་ལོ་ ༡༩༦༧ ནས་ ༡༩༦༨ བར་བཞུགས་སྒར་དྷ་རམ་ས་ལའི་བོད་མིའི་སློབ་གྲྭར་དང་བླངས་ཞབས་ཞུ་གྲུབ་ཡོད་པ་དང་། ཕྱི་ལོ་ ༡༩༦༨ ནས་ ༡༩༦༩ བར་རྡོ་རྗེ་གླིང་བསུ་ན་མདའ་མཉམ་འབྲེལ་འགན་འཛིན་གྱི་ཐུགས་འགན་བཞེས། ཕྱི་ལོ་ ༡༩༦༩ ལོར་དམ་པ་ཁོང་ལ་སློབ་ཡོན་ཐོབ་སྟེ། ནོར་ཝེ་རྒྱལ་ས་ཨོས་ལོ་ནང་ལོ་གསུམ་རིང་སྨན་ཞབས་མའི་སློབ་སྦྱོང་དང་། ལོ་གཅིག་མཁལ་མའི་གསོ་བཅོས་ཀྱི་ཆེད་ལས་མཁས་སློབ་སྦྱོང་གནང་མཐར་ཨོས་ལོ་གཙུག་ལག་སློབ་གཉེར་ཁང་གི་སྨན་ཁང་ནང་ལོ་ངོ་ ༡༩ རིང་སྨན་ཞབས་མའི་ཕྱག་ལས་གནང་། དེར་ཕྱག་ལས་གནང་ཡུན་རིང་བོད་རིགས་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་ཀྱི་ནང་ཕྱག་ལས་གནང་སྟེ་བོད་དོན་འཐབ་རྩོད་ཐོག་ཞབས་ཞུ་བསྒྲུབས།
ལྷག་པར་ཕྱི་ལོ་ ༡༩༨༨ ལོར་ནོར་ཝེ་བོད་རིགས་ཚོགས་པ་གསར་འཛུགས་སྐབས་ཐུགས་འགན་བཞེས་མཁན་གཙོ་གྲས་ཤིག་ཡིན་པ་དང་། ཕྱི་ལོ་ ༡༩༨༩ ལོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་ཝེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མ་གནང་གོང་། ཨིན་ཡུལ་སྐུ་ཚབ་དོན་ཁང་ནས་དམ་པ་ཁོང་ནོ་སྦེལ་ཚོགས་ཆུང་དང་ཨིན་ཡུལ་དོན་གཅོད་གཉིས་བར་གཞུང་འབྲེལ་མཐུད་པར་བསྐོ་བཞག་གནང་བ་ལྟར། ལས་དོན་འཐུས་ཤོར་མེད་པ་བསྒྲུབས། ཕྱི་ལོ་ ༡༩༩༦ ལོར་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་ཐོག་མ་གསར་འཛུགས་གནང་སྐབས་འགན་གཙོ་གྲས་བཞེས་ཡོད་པ་མ་ཟད། ལོ་མང་རིང་འགན་འཛིན་ལྷན་ཚོགས་ནང་ཕྱག་ལས་ཀྱང་གནང་ཡོད་པ་རེད།
ཕྱི་ལོ་ ༡༩༩༥ ནས་ ༢༠༠༡ བར་སུད་སིའི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གིས་ཕྱག་ལས་རྒྱ་ཆེར་གནང་ཡོད་པ་དང། ཕྱི་ལོ་ ༢༠༠༡ ནས་བཟུང་ལོ་མང་རིང་ནོར་ཝེ་བོད་རིགས་ཚོགས་པའི་འཛིན་སྐྱོང་འགན་འཛིན་དང་། ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིའི་ཐུགས་འགན་བཞེས་ཡོད་པ་མ་ཟད། སུད་སི་ནང་ཡོ་རོབ་བོད་རིགས་ཚོགས་པའི་ཚོགས་ཆེན་ཐེངས་དང་པོ་གོ་སྒྲིག་ཞུས་ཡོད།
དེ་བཞིན་དམ་པ་ཁོང་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སླད་དུ་ཕྱག་ལས་རྒྱ་ཆེར་གནང་བར་བརྟེན་ཕྱི་ལོ་ ༢༠༠༨ ལོར་ (Norwegian PEN’s Ossietzky) ཞེས་པའི་གཟེངས་རྟགས་ཕུལ་ཡོད་པ་དང་། ཕྱི་ལོ་ ༢༠༡༡ ལོར་སྐབས་ ༡༥ པའི་ཡོ་རོབ་བོད་མི་མང་སྤྱི་འཐུས་སུ་འོས་འདེམས་བྱུང་ཡོད་ནའང་། ཕྱིས་སུ་གཟུགས་གཞི་བདེ་མིན་རྐྱེན་པས་སྤྱི་འཐུས་ནས་དགོངས་པ་ཞུ་དགོས་བྱུང་། ཕྱི་ལོ་ ༢༠༢༤ ཟླ་བ་ ༩ ཚེས་ ༡༠ རེས་གཟའ་མིག་དམར་ཉིན་གྱི་ཕྱི་དྲོར་ནོར་ཝེ་རྒྱལ་ས་ཨོས་ལོའི་སྨན་ཁང་ནང་དུ་སྐུ་ཟླ་མ་ཧི་ཀལ་ (Michael) ལགས་ཟུར་བཞུགས་ཐོག་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པ་བཅས།།