༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༠༩ ཚེས་ ༡༣ ནས་ ༡༧ བར་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག རྒྱ་གར་ནང་གི་མཐོ་སློབ་ཁག་ཏུ་ནང་པའི་ལྟ་གྲུབ་ངོ་སྤྲོད་ཀྱི་ལས་གཞི་སྤེལ་ཡོད།
དེ་ཡང་རྒྱ་གར་ཇ་ལན་དར་དང་། མེང་ལོར། ལྡི་ལིར་ཁུལ་གྱི་བོད་ཕྲུག་མཐོ་སློབ་འགྲིམས་མཁན་གྲངས་ ༢༠༠ ལྷག་ལ་སྒྲོལ་མ་གླིང་བཙུན་དགོན་གྱི་ལྟ་གྲུབ་དགེ་རྒན་དགེ་བཤེས་མ་བདེ་ལེགས་དབང་མོ་ལགས་ཀྱིས་ནང་པའི་ལྟ་གྲུབ་སྤྱི་དང་། ཡང་སྒོས་ནང་པའི་གཞུང་ནས་གསུངས་པའི་བཟང་སྤྱོད་དང་འབྲེལ་བའི་བསླབ་བྱའི་སྐོར་སློབ་ཁྲིད་གནང་བ་མ་ཟད། སློབ་གཉེར་བ་རྣམས་ཀྱི་ཉིན་རེའི་འཚོ་བའི་ཁྲོད་ཀྱི་ཉམས་མྱོང་དང་འབྲེལ་བའི་དོགས་འདྲི་ཕུལ་བ་ཁག་ལ་སློབ་སྟོན་ལན་འདེབས་གནང་ཡོད་པ་རེད།
ཐེངས་འདིའི་ལས་གཞི་འདི་བརྒྱུད་རྒྱ་གར་མཐོ་སློབ་ཁག་ཏུ་འགྲིམས་བཞིན་པའི་བོད་ཕྲུག་རྣམས་ལ་བོད་བརྒྱུད་ནང་བསྟན་གྱི་ལྟ་བ་རྟེན་འབྲེལ་དང་སྤྱོད་པ་འཚེ་བ་མེད་པའི་བསླབ་བྱའི་སྐོར་རྒྱུས་སྟོན་སློབ་ཁྲིད་གནང་བའི་ཐོག བོད་ཕྲུག་རྣམས་ཀྱི་རྒྱུད་ལ་ནང་པའི་བསླབ་བྱ་བཟང་པོ་རྣམས་རྒྱུད་འཇགས་ཀྱིས་ཉིན་རེའི་འཚོ་བའི་ཁྲོད་དཀའ་ངལ་ལ་གདོང་ལེན་བྱ་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་བཅས།།