༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༩ ཚེས་ ༢༢ རེས་གཟའ་ཉི་མའི་ཉིན་བོད་མིའི་ཚོགས་པ་ཁག་འདྲ་མིན་དང་། དང་བླངས་བ་རྣམས་ནས་འཛམ་གླིང་གཙང་པོ་ཉིན་མོ་ཞེས་སྲུང་བརྩི་སླད་དྷ་ས་བྷག་སུ་ཉེ་འགྲམ་གྱི་ཁོར་ཡུག་གཙང་བཟོའི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།
དེ་ཡང་ཕྱི་ལོ་ ༢༠༢༤ ལོའི་འཛམ་གླིང་གཙང་པོ་ཉིན་མོའི་བརྗོད་གཞི་གཙོ་བོ་ནི་སྲོག་ཆགས་རྒྱུན་སྲིང་དང་། སྐྱེ་ཁམས་མ་ལག་གསོ་སྐྱོང་ཆེད་ཆུའི་གལ་གནད་སྐོར་ཡིན་པ་དང་། ལས་འགུལ་དེ་བཞིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པ། དྷ་སྟེང་གཙང་བཟོ་ལས་འགུལ། རྒྱལ་སྤྱི་བོད་ཀྱི་དྲ་བ། དྷ་ས་བོད་ཀྱི་གཞོན་ནུ་ལྷན་ཚོགས་བཅས་མཉམ་རུབ་ཀྱིས་གོ་སྒྲིག་ཞུས་ཡོད་པ་མ་ཟད། གཙང་བཟོ་གྲུབ་རྗེས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཚོགས་ཁང་དུ་བགྲོ་གླེང་ཞིག་ཀྱང་གོ་སྒྲིག་ཞུས་ཡོད།
གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་གཙང་བཟོའི་ལས་འགུལ་འགོ་འཛུགས་ཀྱིས་ཉིན་གུང་བར་གད་སྣོད་ ༥༠ ལྷག་གི་གད་སྙིགས་བསྡུ་རུབ་བྱས་ཐུབ་པ་བྱུང་ཡོད། སྐབས་དེར་དང་བླངས་ ༣༠ ཙམ་མཉམ་ཞུགས་གནང་ཡོད་པ་རེད།ཉིན་རྒྱབ་ཕྱི་དྲིལ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཚོགས་ཁང་དུ་བོད་ཀྱི་གཙང་པོ་དང་ཧི་མ་ལ་ཡའི་སྐྱེ་ཁམས་ལ་ཉེན་ཁ་ (At the Tipping Point: The Ecological Crisis of the Rivers of Tibet and the Himalayas) ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་ཚོགས་ཡོད། སྐབས་དེར་མངའ་སྡེ་འདྲ་མིན་ནས་གཏམ་བཤད་པ་དྲུག་གདན་འདྲེན་ཞུས་ཏེ། ཡར་ཀླུང་གཙང་པོ་དང་སེང་གེ་ཁ་བབ་གཙོས་པའི་བོད་ཀྱི་གཙང་པོ་ཁག་རྒྱ་གར་བྱང་ཤར་ཁུལ་དུ་གལ་གནད་སྐོར་གླེང་སློང་གནང་ཡོད། བགྲོ་གླེང་འདིས་བརྒྱུད་བོད་དང་། ཨ་རུ་ནཱ་ཅལ། ཨ་སམ། འབྲས་ལྗོངས་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་དང་། ཁྲིམས་རྩོད་པ། སྤྱི་ཚོགས་ཞབས་ཞུ་བ་བཅས་ལ་སློབ་སྦྱོང་དང་བགྲོ་གླེང་གི་གོ་སྐབས་ཐོབ་ཡོད།
ལས་འགུལ་འདི་བརྒྱུད་གྲོང་སྡེའི་གཙང་པོ་ཙམ་མ་ཟད་བོད་དང་ཧི་མ་ལ་ཡའི་གཙང་པོའི་སྐོར་གོ་རྟོགས་དང་། མ་འོངས་དེ་ལྟ་བུའི་མཉམ་རུབ་ཀྱི་ལས་རིམ་གོ་སྒྲིག་ཞུ་བར་ཕན་ཐོགས་བྱུང་ཡོད། ཚོགས་པ་དང་སྒྲིག་འཛུགས་འདྲ་མིན་གྱི་མཉམ་འབྲེལ་གྱི་ལས་འགུལ་འདི་ནི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་ཕྱི་ལོ་ ༢༠༢༤ ཟླ་བ་ ༨ ཚེས ༢༠ ནས་ ༢༢ བར་ལྡི་ལིར་གོ་སྒྲིག་བྱས་པའི་ཐབས་བྱུས་ཚོགས་འདུའི་ཐོག་གྲོས་མཐུན་བྱུང་བ་ཞིག་ཡིན། གྲོས་མཐུན་དེའི་དམིགས་ཡུལ་ནི་མ་འོངས་པར་ཁོར་ཡུག་གི་ལས་དོན་ལ་ཐུན་མོང་གི་དམིགས་ཡུལ་དང་མཉམ་འབྲེལ་གྱི་ཐབས་ལམ་ཞིག་བསྐྲུན་རྒྱུ་ཡིན་པ་བཅས།།