༄༅། །བོད་རྒྱལ་ལོ་ ༢༡༥༠ ཕྱི་ལོ་ ༢༠༢༤ ཟླ་བ་ ༩ ཚེས་ ༢ ཉིན་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་རའི་ནང་། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་དབུས་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམས་དང་། སྲི་ཞུ་བ། གཞུང་ཁོངས་མིན་པའི་ཚོགས་སྐྱིད་ཁག་གི་འཐུས་མི་རྣམ་པ། སེར་སྐྱ་ཕོ་མོ། སློབ་ཕྲུག་སོགས་ཚང་འཛོམས་ཐོག བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་མང་གཙོའི་ལམ་བཟང་གསོལ་བསྩལ་བཀའ་དྲིན་བསྐྱངས་ཏེ་མི་ལོ་ ༦༤ འཁོར་བའི་དུས་ཆེན་གྱི་གཞུང་འབྲེལ་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་སྐུ་མགྲོན་གཙོ་བོ་ཨི་སི་ཊོ་ནི་ཡ་གྲོས་ཚོགས་འཐུས་མིའི་སྐུ་ཚབ་རྣམ་པ་དང་། ཨི་སི་ཊོ་ནི་ཡ་བོད་དོན་རྒྱབ་སྐྱོར་ཚོགས་མི། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་བཅས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་རར་ཞབས་སོར་འཁོད་མཚམས་མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་ཚང་མ་སྐུ་བཞེངས་ཐོག་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་སྐབས་བོད་ཀྱི་ཟློས་གར་ཚོགས་པ་ནས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། རྒྱ་གར་རྒྱལ་གླུ་དབྱངས་སུ་གྱེར།དེ་ནས་བོད་ཀྱི་ཟློས་གར་ཚོགས་པས་མང་གཙོའི་གསར་གཞས་འབུལ་ལམ་ཞུས་གྲུབ་མཚམས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་གི་གསུང་བཤད་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་གནང་རྗེས་བོད་ཀྱི་ཟློས་གར་ཚོགས་པ་ནས་ཀོང་གཞས་རྫི་གླུ་ཞེས་པ་གཟིགས་ཕུལ་ཞུས་རྗེས་ཨི་སི་ཊོ་ནི་ཡ་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་ (Mr. Roy Strider) ལགས་ཀྱིས་ཐོག་མར་འཚམས་འདྲི་དང་
དེ་རྗེས་ཨི་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཀར་མན་ཇོ་ལར་ (Karmen Joller) ལགས་ཀྱིས་གསུང་བཤད་གནང་དོན། ངའི་ལས་རོགས་ཀྱིས་དེ་སྔོན་ང་ཚོ་ནི་བསམ་བློ་མཐུན་པའི་མི་རིགས་ཡིན་པ་གསལ་བཤད་གནང་སོང་། ང་རང་ཕྱི་ལོ་ ༡༩༩༢ ལོར་རང་དབང་ལྡན་པའི་རྒྱལ་ཁབ་ཨི་སི་ཊོ་ནི་ཡར་སྐྱེས་ཤིང་། ང་སྐྱེས་པའི་སྐབས་ཨི་སི་ཊོ་ནི་ཡར་རང་བཙན་ཐོབ་ཟིན་པས་ངས་དྲག་གནོན་འོག་སྡུག་ངལ་ཇི་ཙམ་ཡོད་པ་ཚོར་ཤེས་མི་ཐུབ་ཀྱང་། ད་ལྟའི་ཆར་ང་ཚོར་རང་དབང་ཡོད་པས་དེར་ངས་ཡིད་སྨོན་བྱེད་ཀྱི་ཡོད། ངའི་རྨོ་རྨོའི་མདུན་ནས་དེ་སྔོན་ཨི་སི་ཊོ་ནི་ཡའི་རྒྱལ་དར་སྦས་དགོས་བྱུང་བའི་གནས་ཚུལ་གོ་ཐོས་བྱུང་། སྟབས་མ་ལེགས་པ་ཞིག་ལ་དེ་ལྟ་བུའི་གནས་སྟངས་དེ་ད་ལྟ་བོད་ནང་བྱུང་བཞིན་ཡོད།
དེ་ཡིན་དུས་ངས་བོད་དོན་ཆེད་གང་བྱེད་ཐུབ་བམ་ཞེས་དྲི་བ་དྲིས་པ་ཡིན། ང་ཚོས་ཁྱེད་ཚོར་གདུང་སེམས་མཉམ་སྐྱེ་དང་བོད་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། བྱས་ཙང་དེ་རིང་ང་ཚོ་ཁྱེད་རྣམ་པ་ལྷན་དུ་བོད་ཀྱི་མང་གཙོའི་དུས་ཆེན་སྲུང་བརྩི་ཞུ་བར་བཅར་བ་ཡིན། དེ་ལས་ལྷག་པ་ངས་བོད་ཀྱི་ཆོས་དང་རིག་གཞུང་། དེ་བཞིན་བོད་ཀྱི་དཀའ་ངལ་སྐོར་ངའི་ལས་རོགས་དང་། ཡུ་རོབ། དེ་ལས་རྒྱ་ཆེ་ས་ནས་འཛམ་བུ་གླིང་ལ་འཆད་རྒྱུ་ཡིན། དེ་གལ་ཆེན་པོ་རེད་བསམ་གྱི་འདུག མི་མང་པོས་བོད་དོན་སྐོར་ཤེས་ཀྱི་མེད། ང་ཚོས་ཁོ་ཚོར་ཁག་དཀྲི་རྒྱུ་མེད། བོད་དོན་སྐོར་གོ་རྟོགས་སྤེལ་རྒྱུ་དེ་ང་ཚོའི་ལས་འགན་རེད། ཉིན་དེ་རིང་ནས་བཟུང་ང་དང་ངའི་ལས་རོགས་ཚོས་བོད་དོན་སྐོར་གླེང་སློང་ཞུ་རྒྱུ་ཡིན། ང་ཚོ་ཚང་མ་འཆམ་མཐུན་དང་། མཛའ་བརྩེ་ལྡན་ཞིང་རང་དབང་ལྡན་པའི་རྒྱལ་ཁབ་ཏུ་འཚོ་བ་སྐྱེལ་འདོད་ཡོད། ཞེས་གསུངས། སྐུ་མགྲོན་གཙོ་བོ་ཨི་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཇུ་ཀུ་ཁ་ལེ་རེཊ་ (Juku Kalle Raid) ལགས་ཀྱིས་དུས་ཆེན་དང་འབྲེལ་ཏེ་གསུང་བཤད་གནང་དོན། དེ་རིང་ང་ཚོས་བོད་ཀྱི་མང་གཙོའི་དུས་ཆེན་སྲུང་བརྩི་ཞུ་གི་ཡོད། མང་གཙོ་ནི་སྲིད་དབང་སྒེར་འཛིན་རིང་ལུགས་ལས་ཧ་ཅང་གི་ཡག་གི་རེད། རྒྱ་ནག་དང་། ཨི་རན། བྱང་ཀོ་རི་ཡ་སོགས་ནི་སྲིད་དབང་སྒེར་འཛིན་པའི་དབང་སྒྱུར་འོག་ཏུ་ཡོད། མང་གཙོ་ལག་བསྟར་ཚུལ་བཞིན་བྱེད་ཐུབ་ན་ཡག་པོ་ཡོད། མང་གཙོ་ནི་ལག་ཆ་ལྟ་བུ་རེད། དེ་བེད་སྤྱོད་གཏང་རྒྱུ་ལས་སླ་པོ་མེད། མང་གཙོ་ལག་བསྟར་ཚུལ་བཞིན་བྱེད་མ་ཤེས་ན་དཀའ་ངལ་འཕྲད་སྲིད་པ་རེད། མང་གཙོའི་ལམ་སྲོལ་དེ་རྙིང་པ་ཞེ་དྲག་མ་རེད། རྒྱ་ནག་ལའང་མང་གཙོ་ལག་བསྟར་བྱ་རྒྱུའི་གོ་སྐབས་བྱུང་ཡོད། མང་གཙོ་ནི་བསམ་ཚུལ་འདྲ་མིན་ལ་བསམ་ཤེས་ཀྱིས་རང་དབང་ལྡན་ཞིང་ཞི་བདེའི་འཚོ་བ་སྐྱེལ་རྒྱུ་དེ་རེད། མང་གཙོའི་ནང་ཕན་ཚུན་བསམ་ཤེས་གུ་ཡངས་བྱ་དགོས། ང་ཚོ་ཕན་ཚུན་བར་ལྟ་བ་ལངས་ཕྱོགས་མི་མཐུན་པ་ཡོད་ནའང་གཞི་རྩ་དེ་རང་དབང་རེད། དེང་སང་འཛམ་བུ་གླིང་འདི་རང་དབང་ནས་ཐག་ཇེ་རིང་དུ་འགྲོ་བཞིན་ཡོད་པས། དེ་ནི་བློ་འཚབ་སྐྱེ་གཞི་ཞིག་རེད། ཉེ་ཆར་རྒྱ་ནག་གཞུང་ཚབ་ཁང་གི་ཡི་གེ་ཞིག་བཏང་འདུག་པ་དེའི་ནང་ང་རང་གླེན་པ་རེད་ཅེས་གསལ་འདུག་པ་མ་ཟད། རྒྱ་ནག་གིས་བོད་བཅིངས་གྲོལ་བཏང་བ་ཡིན་ཞེས་རྫུན་གཏམ་བསྐྱར་བཤད་བྱས་འདུག རང་དབང་གི་ལས་འགུལ་དེ་མི་རེ་ངོ་རེ་ལས་འགོ་བཙུགས་དགོས། ང་ཚོས་ཁྱེད་རྣམ་པར་རྒྱབ་སྐྱོར་བྱེད་ངེས་རེད། བྱས་ཙང་དེ་རིང་ང་ཚོ་འདིར་བཅར་བ་ཡིན། ཨི་སི་ཊོ་ནི་ཡ་གྲོས་ཚོགས་ནས་གཞུང་འབྲེལ་ཐོག་བོད་ཀྱི་ཆོས་དང་རིག་གཞུང་། རང་དབང་ལ་རྒྱབ་སྐྱོར་བྱེད་པའི་རེ་བ་འཆང་གི་ཡོད། ཅེས་གསུངས་ཡོད།
དེ་ནས་དཔལ་ལྡན་ཁྲིམས་ཞིབ་པ་གཞན་བསྟན་འཛིན་ལུང་རྟོགས་མཆོག་གིས་འདི་ལོར་ཕུལ་བྱུང་སློབ་ཡོན་བཞེས་མཁན་སློབ་ཕྲུག་གྲངས་ ༢ ལ་ཕྱག་འཁྱེར་དང་པང་ཐོག་ཀམ་པཱུ་ཊར། དེ་བཞིན་རིག་ཚན་སོ་སོའི་རྩེ་ཕུད་སོན་པའི་སློབ་ཕྲུག་གྲངས་ ༡༡ ལ་དགའ་ལྡན་ཕོ་བྲང་གི་གཟེངས་བསྟོད་ཕྱག་འཁྱེར་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་འབུམ་རམས་པ་ཆེ་བསྟོད་བྱ་དགའ་བཞེས་མཁན་ ༡༦ ལ་ཕྱག་འཁྱེར་དང་ལེགས་གསོལ་དང་། དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་རང་ཁོངས་ལས་བྱེད་ཞབས་ལོ་ ༢༥ ཡན་འཁོར་མཁན་ལས་བྱེད་བཞི་ལ་ལེགས་གསོལ་ཕྱག་འཁྱེར་གནང་།
དེ་ནས་ཡོངས་གླིང་སློབ་གྲྭ་ནས་སྐར་མ་ཁྲ་འཛུམ་བཞེས་པ་དང་། དྷ་སྟེང་བོད་ཁྱིམ་ནས་ཨ་མདོའི་འཁྲབ་གཞས། དྷ་ཤོད་བོད་ཁྱིམ་ནས་ནང་མ་བྱ་ལ་ཞེས་པ། གངས་སྐྱིད་དཔེ་སྟོན་སློབ་གྲྭ་ནས་མདོ་སྨད་གསེར་ཁྲི་མངའ་གསོལ་ཞེས་པ་གཟིགས་ཕུལ་ཞུ་ཡོད་པ་བཅས།།