༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༩ ཚེས་ ༡༠ ཉིན་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག བཞུགས་སྒར་རྡ་རམ་ས་ལའི་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་ལྡོག་ཁྲོད་རྒྱ་ནག་ལ་ཁ་གཏད་གཅོག་པའི་སྲིད་བྱུས་སྒྲིག་ཐབས་སུ་དམིགས་པའི་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པའི་རྒྱལ་སྤྱིའི་ཚོགས་འདུ་ཞིག་བསྐོང་ཚོགས་གནང་ཡོད་པ་རེད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་བཅུ་པའི་ཐོག་བཀའ་ཟུར་བླ་བྲང་འཕགས་པ་ཚེ་རིང་མཆོག་དང་། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། བོད་ཀྱི་སྲིད་བྱུས་ཉམ་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས། ཕྱོགས་མཐའ་ཁག་ནས་ཕེབས་པའི་གསུང་བཤད་པ་རྣམ་པ། བཞུགས་སྒར་གནས་འཁོད་ཚོགས་པ་ཁག་གི་སྐུ་ཚབ། གསར་འགོད་པ། དེ་བཞིན་དོན་གཉེར་ཅན་ཁག་ཅིག་བཅས་ཕེབས་ཞུགས་ཀྱི་ཐོག་མར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་ཚོགས་འདུའི་རྒྱབ་ལྗོངས་དམིགས་ཡུལ་ངོ་སྤྲོད་གནང་ཡོད། སྐབས་དེར་ཁོང་གིས་རྒྱ་ནག་དམར་ཤོག་གཞུང་གི་བཙན་གནོན་སྡུག་སྦྱོང་མྱོང་མཁན་ཚོགས་སྒེར་ཕན་ཚུན་འབྲེལ་ལམ་དམ་གཟབ་བཏང་ནས་རྒྱ་ནག་དམར་གཞུང་ལ་ཐུན་མོང་གིས་གདོང་ལེན་བྱ་རྒྱུར་འབད་རྩོལ་བྱེད་དགོས་ཤིང་། གལ་ཏེ་རྒྱ་གཞུང་གི་བཙན་གནོན་མྱོང་མཁན་ཚོགས་སྒེར་ཁག་ཕན་ཚུན་འབྲེལ་འདྲིས་ངོ་ཤེས་མེད་པར་གནས་ཚེ། རྒྱ་ནག་གཞུང་གི་ངོས་ནས་འཆར་གཞི་ལྡན་པའི་ཐོག་ནས་ཚོགས་པའམ་མི་སྒེར་རེ་རེ་བཞིན་དུ་རྩ་མེད་གཏང་རྒྱུའི་བྱུས་ངན་བསྒྲིགས་ཏེ། དྲང་བདེན་གྱི་འཐབ་རྩོད་ཉམས་ཉེས་སུ་གཏོང་གི་ཡོད་པའི་ཉེན་བརྡ་བཏང་ཡོད། དེས་ན། ཁོང་གིས་རྒྱ་ནག་གི་ཁ་གཏད་བློ་མཐུན་ལངས་ཕྱོགས་གཅིག་མཚུངས་ཡོད་པ་རྣམས་མཉམ་སྦྲེལ་གྱིས་ནུས་པ་མཉམ་སྤུངས་ཐོག རྒྱ་ནག་ལ་གདོང་ལེན་བྱ་རྒྱུ་གལ་ཆེར་ངོས་འཛིན་གྱིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་ལྡོག་ཁྲོད་རྒྱ་ནག་ལ་ཁ་གཏད་གཅོག་པའི་སྲིད་བྱུས་གསར་པ་སྒྲིག་ཐབས་སུ་ཕྱོགས་ཕན་ཚུན་བསམ་ཚུལ་དང་། ཉམས་མྱོང་བརྗེ་ལེན་ཞུ་རྒྱུར་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པའི་ཚོགས་འདུ་འདི་ལྟ་བུ་ཞིག་གོ་སྒྲིག་ཞུ་གི་ཡོད་པ་གསལ་བཤད་གནང་།
སྤྱིར་ཐེངས་འདིའི་བགྲོ་གླེང་ཚོགས་འདུ་འདིའི་ནང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་དང་། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་། དཔྱིད་དུས་ཀྱི་པེ་ཅིང་ (Beijing Spring) དུས་དེབ་ཀྱི་ངེས་སྟོན་པ་སྐུ་ཞབས་ཡུ་ད་ཧེ་ལགས། ཐའེ་ཝན་ཧོང་ཀོང་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་སང་པུ་ལགས། ཐའེ་ཝན་མེན་མར་མི་སེར་མཐུན་ཚོགས་ཀྱི་ཚོགས་གཙོ་དུ་ཀེ་ཀེ་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་དང་བསྟན་འཛིན་ཕན་ཐོགས་ལགས་བཅས་ནས་གསུང་བཤད་གནང་གི་ཡོད་པ་བཅས།།