༄༅། །ཟངས་དཀར་དཔའ་འདུམ་གྲོང་སྡེའི་ཉེ་འཁྲིས་སུ་ཆགས་པའི་ས་ནྭི་མཚོ་ཐང་སྟེ་ཕྱི་ལོའི་དུས་རབས་བརྒྱད་པའི་ནང་གུ་རུ་རིན་པོ་ཆེ་ཡིས་སྒོམ་སྒྲུབ་ཉམས་ལེན་གནང་ཡུལ་དུ་གྲགས་པའི་གནས་ཁྱད་པར་ཅན་དང་། ༸རྒྱལ་བ་དོན་གྱི་བདག་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཞབས་ཀྱིས་བཅགས་ཏེ་ཆོས་འབྲེལ་ལན་འགར་སྩལ་མྱོང་བའི་གནས་བྱིན་ཅན་དེར་ཕྱི་ལོ་ ༢༠༢༤ ཟླ་བ་ ༩ ཚེས་ ༡༣ ནས་ ༡༤ བར་ཉིན་གཉིས་རིང་ལ་དྭགས་ཟངས་དཀར་གྱི་དགའ་སྟོན་ཐེངས་དགུ་པ་བསྐོང་ཚོགས་ཞུས་ཡོད་པ་བཞིན་དགའ་སྟོན་ཉིན་བོད་ཀྱི་ཟློས་གར་ཚོགས་པས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གཞན་སྣ་འཁྲབ་སྟོན་ཞུ་རྒྱུར་མགྲོན་འབོད་བྱུང་སྟབས། ཕྱི་ཚེས་ ༡༡ ཉིན་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གྱི་སྣེ་འཁྲིད་འོག་སྒྱུ་རྩལ་སློབ་ཁྲིད་འགན་འཛིན་དང་། སྒྱུ་རྩལ་བ་བཅས་ཁྱོན་མི་གྲངས་ ༡༥ དྷ་ས་ནས་འཁོར་ལམ་བརྒྱུད་ཐོན་ཞུས་ཏེ། དགའ་སྟོན་གྱི་ཉིན་དང་པོའི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ལ་དྭགས་དབུས་འཛིན་ས་ཁུལ་གྱི་སྲིད་སྐྱོང་ (Brig. Dr.B.D. Mishra (Retd) མཆོག་དང་། (Dr. Mohd Jaffar Akhoon, Chief Executive Councilor, LADDC, Kargil) ལགས་རྣམ་གཉིས་ཀྱི་དབུས་པའི་གནད་ཡོད་སྐུ་མགྲོན་ཁག་དང་། གནས་ཡུལ་གྱི་མང་ཚོགས་དང་ཕྱི་ཕྱོགས་ནས་ཕེབས་པའི་གཟིགས་མོ་བ་བཅས་མི་གྲངས་སྟོང་ཕྲག་འགའ་ཞིག་འདུ་འཛོམས་བྱུང་འདུག་པའི་སར་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་རྣམས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་གཞས་སྣ་ཁག་གཅིག་གཟིགས་འབུལ་ཞུས་ཡོད་ཅིང་།
ཟློས་གར་འགན་འཛིན་ནས་སྐུ་མགྲོན་གཙོ་གཞོན་གཉིས་ལ་བོད་ཀྱི་ཟློས་གར་ཚོགས་པའི་ཚབ་ཞུས་ཏེ་འཚམས་འདྲིའི་མཇའ་དར་དང་དྲན་རྟེན་ལེགས་སྐྱེས་ཀྱང་ཕུལ་ཐུབ་པ་བྱུང་ཡོད། དེ་རྗེས་ཉིན་རྒྱབ་དང་ཕྱི་དྲོའི་ལས་རིམ་ནང་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་རྣམས་ནས་རིག་གཞུང་གཞས་སྣ་འཁྲབ་སྟོན་གཟབ་རྒྱས་ཞུས་པར་སྐུ་མགྲོན་རྣམས་ཀྱིས་གཙོས་པའི་རྒྱལ་ཆེའི་མང་ཚོགས་ནས་དགའ་མོས་དང་བསྔགས་བརྗོད་ཞུ་བའི་དགའ་བསུའི་ཐལ་སྒྲ་ཆེས་ཆེར་གྲགས། དགའ་སྟོན་འདི་ནི་ལ་དྭགས་ཁུལ་གྱི་འབྲོག་ས་དང་ས་ཁུལ་ཁག་གི་ཐོན་སྐྱེད་རྣམས་འགྲེམས་ཚོང་བྱེད་པའི་རྒྱས་འཛོམས་དུས་སྟོན་ཞིག་ཆགས་ཡོད་པས་ཐེངས་འདིར་བོད་ཀྱི་ཟློས་གར་ཚོགས་པ་མཉམ་ཞུགས་ཀྱིས་རིག་གཞུང་འཁྲབ་སྟོན་གནང་ཐུབ་པ་དེས་ལ་དྭགས་ཡུལ་མི་དང་བོད་མིའི་དབར་གྱི་རིག་གཞུང་དང་མི་རིགས་ཀྱི་འབྲེལ་བ་དམ་གཟབ་དང་གོང་སྤེལ་གཏོང་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་བཅས། །