༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༩ ཚེས་ ༠༣ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་དབུ་འཛུགས་ཞུས་པའི་བོད་ཀྱི་དུས་སྟོན་གྱི་ཕྱི་དྲོའི་བོད་ཀྱི་རིག་གཞུང་འཁྲབ་སྟོན་གྱི་མཛད་སྒོར་རྒྱ་གར་གནས་འཁོད་ཨ་རིའི་གཞུང་ཚབ་ཆེན་མོ་སྐུ་ཞབས་ཨེ་རིག་གྷར་སིཊ་ཊི་ (Eric Garcetti) མཆོག་སྐུ་མགྲོན་གཙོ་བོར་ཕེབས་ཞུགས་ཀྱི་རིག་གཞུང་འཁྲབ་སྟོན་ལ་དགྱེས་གཟིགས་དང་འབྲེལ། དེར་འདུས་སྐུ་མགྲོན་དང་མང་ཚོགས་ལ་ཨ་རི་གཞུང་ནས་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ཡིན་པ་གསུངས།
དེ་ཡང་གོང་ཚེས་ཉིན་གྱི་མཛད་སྒོའི་ཐོག་གཞུང་ཚབ་ཆེན་མོ་ཨེ་རིག་གྷར་སིཊ་ཌི་མཆོག་གིས་ཨ་རིའི་གཞུང་ནས་བོད་ཀྱི་རིག་གཞུང་ཙམ་མ་ཡིན་པར། བོད་ཀྱི་རིག་གཞུང་གིས་མཚོན་པའི་ཞི་བདེ་དང་། སྙིང་རྗེ་ལྟ་བུའི་རིན་ཐང་རྣམས་ལ་ངོས་འཛིན་དང་དེ་དག་སྲུང་སྐྱོབ་སླད་རྒྱབ་སྐྱོར་གནང་གི་ཡོད་པ་གསལ་སྟོན་དང་སྦྲགས། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སྲོལ་རྒྱུན་རྣམས་རྩ་མེད་དུ་གཏོང་བའི་འབད་བརྩོལ་ལ་སྐྱོན་བརྗོད་གནང་ཡོད། དེ་བཞིན་ཁོང་གིས། ང་ཚོ་མཉམ་རུབ་ཀྱིས་གཅིག་ཏུ་བསྒྲིལ་ན། ཆོས་དང་རིག་གཞུང་སྐད་ཡིག་བཅས་པ་རྩ་མེད་དུ་གཏོང་མི་ཐུབ། དེར་ཨ་རི་གཞུང་གིས་རྒྱབ་སྐྱོར་བྱ་ངེས་རེད། ཅེས་བོད་ཀྱི་རིག་གཞུང་རྒྱུན་འཛིན་ལ་ཨ་རིས་རྒྱབ་སྐྱོར་ཞོགས་འདེགས་སྔར་ལྷག་གནང་རྒྱུའི་ནན་བརྗོད་གནང་ཡོད།
དེ་མཚུངས་གཞུང་ཚབ་ཆེན་མོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་ལ་བསྔགས་བརྗོད་གནང་སྟེ། དེ་ནི་འཛམ་གླིང་ཡོངས་ལ་བློ་སྤོབས་དང་སྙིང་སྟོབས་ཀྱི་འབྱུང་ཁུངས་ཤིག་ཡིན་པར་གསུངས་པ་མ་ཟད། ཁོང་གི་བོད་མི་རྣམས་འཛམ་གླིང་ཡོངས་སུ་གྲམ་ཡོད་པས། གཅིག་སྒྲིལ་རྒྱུན་འཛིན་བྱ་རྒྱུའི་དཀའ་ངལ་ཡོད་ནའང་། ཕན་ཚུན་འབྲེལ་གཏུག་གིས་བོད་མི་རྣམས་གཅིག་ཏུ་བསྒྲིལ་རྒྱུ་གལ་ཆེན་པོ་ཡིན་པ་གསུངས། དེ་བཞིན་ཁོང་གིས་ཨ་རི་གཞུང་གིས་རྒྱ་གར་གྱི་གྲོགས་པོ་དང་མཉམ་ལས་པ་ཚོ་དང་མཉམ་དུ་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་གོང་འཕེལ་གཏོང་ཆེད་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ཡིན་པ་དང་། ད་ཐེངས་ཀྱི་དུས་སྟོན་དེ་དཔེ་མཚོན་ཞིག་ཡིན་པ་གསུངས།གཞུང་ཚབ་ཆེན་མོས་གསུང་བཤད་མ་གནང་གོང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ཨ་རིའི་རོགས་ཚོགས་དང་། བོད་ཀྱི་ཐེབས་རྩ། འཚེ་མེད་ཞི་བའི་ཐེབས་རྩ་ཁང་བཅས་དང་མཉམ་འབྲེལ་ཐོག་བོད་ཀྱི་དུས་སྟོན་གོ་སྒྲིག་ཞུ་ཐུབ་པར་དགའ་ཚོར་ཆེན་པོ་བྱུང་སྐོར་གསུངས་པ་དང་ཆབས་ཅིག བོད་མིའི་བཙན་བྱོལ་སྤྱི་ཚོགས་རྒྱ་གར་གྱི་མངའ་སྡེ་བཅུ་དང་དབུས་གཞུང་གི་ཐད་འཛིན་ས་ཁུལ་གཉིས་ཚུད་པའི་ས་གནས་ ༣༧ ནང་ཁྱབ་ཡོད་པ་གསལ་བཤད་གནང་། དེ་མ་ཟད་ཁོང་གིས་རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་དང་། སྐད་ཡིག ཆོས་ལུགས། ཁོར་ཡུག་མུ་མཐུད་གཏོར་བཤིག་གཏོང་བཞིན་ཡོད་ནའང་། བཙན་བྱོལ་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བོད་ཀྱི་ཆོས་དང་རིག་གཞུང་སླར་གསོ་རྒྱུན་འཛིན་གནང་ཐུབ་པ་བྱུང་ཡོད་པ་གསུངས།
མཐར་སྲིད་སྐྱོང་མཆོག་གོས་རྒྱ་གར་གཞུང་དམངས་གཉིས་ནས་བོད་དང་བོད་མི་རྣམས་ལ་རྒྱབ་སྐྱོར་ཕན་གྲོགས་མུ་མཐུད་གནང་དང་གནང་མུས་ལ་ཐུགས་རྗེ་ལེགས་འབུལ་ཞུས་ཡོད། གཞན་ཡང་རིག་གཞུང་འཁྲབ་སྟོན་གྱི་མཛད་སྒོར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་། ལྡི་ལི་སྐུ་ཚབ་དོན་གཅོད་འཇིགས་མེད་འབྱུང་གནས་ལགས། དེ་བཞིན་གནད་ཡོད་སྐུ་མགྲོན་ཁག་ཅིག དོན་གཉེར་ཅན་སོགས་ལྷན་ཞུགས་གནང་ཡོད་པ་བཅས།།