༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༩ ཚེས་ ༢༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ཞུ་གཏུག་ཚན་པ་དང་། བོད་ཀྱི་འགྲེམས་སྟོན་ཁང་ནས་ཝར་ཎཱ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་བོད་ཀྱི་གནད་དོན་སྐོར་གོ་རྟོགས་ལས་འགུལ་ཞེས་པའི་འཕགས་བོད་གཉིས་ཀྱི་འབྲེལ་བའི་སྐོར་གཏམ་བཤད་དང་འགྲེམས་སྟོན་གྱི་ལས་རིམ་གོ་སྒྲིག་ཞུས་ཡོད། སྐབས་དེར་སློབ་ཕྲུག་དང་དགེ་ལས་བཅས་ཁྱོན་བསྡོམས་ ༢༥༠ ལྷག་ཙམ་ཚོགས་ཞུགས་གནང་ཡོད། ལས་རིམ་དེ་ནི་རྒྱ་གར་ཨུ་ཏར་པྲ་དེཤ་མངའ་སྡེའི་ཝཱ་རཱ་ན་སཱི་དང་། གུ་ཇ་རཱཏ་མངའ་སྡེའི་སྦ་རོ་ཌ་བཅས་ཀྱི་མཐོ་སློབ་ཁག་ཏུ་བདུན་ཕྲག་གཉིས་རིང་སྤེལ་རྒྱུ་ཡིན་པ་རེད།
དེ་ཡང་ཕྱི་དྲིལ་ཞུ་གཏུག་ཚན་པའི་ལས་བྱེད་བསྟན་འཛིན་ཀུན་མཁྱེན་ལགས་དང་། རིན་ཆེན་ལགས་གཉིས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་སྐོར་ངོ་སྤྲོད་དང་། བོད་ཀྱི་གལ་གནད་སྐོར་གཏམ་བཤད་གནང་། དེ་བཞིན་བོད་ནང་རྒྱ་ནག་གཞུང་གིས་མི་རིགས་བཙན་བསྒྱུར་གྱི་སྲིད་བྱུས་འོག་གཏན་འཇགས་སློབ་གྲྭ་གསར་འཛུགས་དང་། ཁོར་ཡུག་གཏོར་གཤིག་གི་བརྒྱུད་རིམ་ཁྲོད་བོད་མི་མང་པོའི་འཚོ་ཐབས་ལ་གནོད་ཚུལ་སྐོར་སོགས་གསུངས།
རིན་ཆེན་ལགས་ཀྱིས་འཕགས་བོད་གཉིས་ཀྱི་ཆོས་དང་། རིག་གཞུང་། ལོ་རྒྱུས་བཅས་ཀྱི་ཐད་ནས་འབྲེལ་ལམ་སྐོར་ནན་བརྗོད་གནང་བ་མ་ཟད། བོད་ནི་ཨེ་ཤི་ཡ་ནང་གི་ཆུ་མཛོད་གལ་ཆེན་ཞིག་ཆགས་ཀྱི་ཡོད་སྟབས། རྒྱ་གར་གཙོས་པའི་རྒྱལ་ཁབ་གཞན་ཁག་གི་བདེ་འཇགས་དང་། འཚོ་ཐབས་དང་འབྲེལ་བ་ཆགས་ཀྱི་ཡོད་སྐོར། རྒྱ་གཞུང་གིས་ཆུ་མཛོད་གསར་རྒྱག་གི་ལས་གཞི་རྒྱ་ཆེར་སྤེལ་བ་མ་ཟད། འཁྱགས་རོམ་ཕྱིར་འཐེན་བྱས་པ། ཆུ་རགས་རྒྱག་པ། དམག་ཤུགས་ཆེ་རུ་བཏང་བ། གཏེར་ཁ་སྔོག་འདོན་བྱེད་པ་བཅས་ཀྱིས་བོད་ཀྱི་ཆུའི་ཐོན་ཁུངས་ལ་ཉེན་ཁ་བཟོ་བཞིན་ཡོད་པ་སོགས་འགྲེལ་བརྗོད་གནང་ཡོད།
གཏམ་བཤད་པ་རྣམས་ནས་སློབ་ཕྲུག་དང་དགེ་རྒན་རྣམས་ལ་སོ་སོའི་སྤྱི་ཚོགས་ཁྲོད་བོད་དོན་གྱི་གོ་རྟོགས་སྤེལ་ཆེད་ཞིབ་འཇུག་མཐིལ་ཕྱིན་པ་བྱེད་དགོས་པ་དང་། བོད་ཀྱི་གནད་དོན་དང་འབྲེལ་བའི་གནས་ཚུལ་ཡང་དག་རྣམས་ཁྱབ་སྤེལ་བྱེད་དགོས་པའི་འབོད་སྐུལ་གནང་བ་མ་ཟད། བོད་ནང་འབྱུང་བཞིན་པའི་ཛ་དྲག་གནས་སྟངས་ཐོག་གདུང་སེམས་མཉམ་སྐྱེད་སྟོན་དགོས་པ་དང་། འགོ་ཁྲིད་ཚོར་བོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བའི་བྱ་སྤྱོད་མཚམས་འཇོག་དགོས་པའི་འབོད་སྐུལ་བྱེད་དགོས་པའི་རེ་སྐུལ་ཞུས།
དེ་དང་ལྷན་དུ་འཕགས་བོད་གཉིས་ཀྱི་གནའ་བོའི་འབྲེལ་བ་ཞེས་པའི་བརྗོད་གཞིའི་ཐོག་འགྲེམས་སྟོན་དབུ་འཛུགས་ཞུས་པའི་ནང་བོད་ཀྱི་རྒྱལ་པོ་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོ་ནས་ད་ལྟའི་བར་གྱི་རྒྱ་གར་དང་བོད་ཀྱི་འབྲེལ་བའི་སྐོར་དང་། འབྲེལ་ལམ་དེ་བཞིན་རྒྱ་གར་དང་བོད་མི་རིགས་གཉིས་ཀར་གལ་གནད་ཆེ་ཚུལ་སྐོར་གསལ་བཤད་གནང་ཡོད་པ་མ་ཟད། རྒྱ་ནག་གིས་བོད་བཙན་བཟུང་བྱེད་སྐབས་རྒྱ་གར་གྱི་འགོ་ཁྲིད་ཚོས་ངོ་རྒོལ་བྱས་པ་བཅས་ཀྱི་གནད་འགག་སྐོར་བསྟན་ཡོད།
སྐབས་དེར་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་ལས་བྱེད་ཚེ་རིང་ནོར་བུ་ལགས་དང་། ཀརྨ་བཀྲ་ཤིས་ལགས་གཉིས་ནས་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་འབུམ་རམས་པ་དབང་ཕྱུག་རྡོ་རྗེ་ནེ་གི་ལགས་དང་། རིགས་དྲུང་ལྕམ་སུ་ནི་ཏ་ཅན་དྲ་རྣམ་གཉིས་ལ་འགྲེམས་སྟོན་འདིའི་སྐོར་ཞིབ་ཕྲ་འགྲེལ་བརྗོད་གནང་ཡོད། དེ་བཞིན་སློབ་ཕྲུག་ཚོས་ཀྱང་དེར་དོ་སྣང་ཆེན་པོའི་ངང་མཉམ་ཞུགས་གནང་ཡོད།
ལས་གཞི་འདི་དང་བསྟུན་ནས་ཝཱ་ར་ཎ་སིའི་མཐོ་སློབ་ཁག་ཏུ་འཕགས་བོད་གཉིས་ཀྱི་འབྲེལ་ལམ་སྐོར་གོ་རྟོགས་དང་། རྒྱ་ནག་གཞུང་གི་འོག་བོད་ཀྱི་ངོ་བོ་དང་། སྐད་ཡིག རིག་གཞུང་བཅས་ལ་ཉེ་ཁ་ཡོད་པའི་ཛ་དྲག་གི་གནས་སྟངས་སྐོར་གོ་རྟོགས་སྤེལ་རྒྱུ་ཡིན་པ་བཅས།།