
སྐབས་དེར་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་རྗེས་ཕུགས་རྒྱང་རིང་པོར་དགོངས་བཞེད་མཛད་པར་བརྟེན་བཙན་བྱོལ་ནང་དུ་བོད་མིའི་སྒྲིག་འཛུགས་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཚགས་ཚུད་སྲ་བརྟན་ཚུགས་ཐུབ་པ་བྱུང་ཞིང་། དེ་ཡང་གཙོ་བོ་༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། དེ་རྗེས་མི་རབས་རྒན་པ་རྣམས་ཀྱི་ལྷག་བསམ་མཛད་རྗེས་ལ་བརྟེན་ནས་བྱུང་ཡོད་པས་མི་རབས་རྒན་པ་རྣམས་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་གལ་ཆེན་པོ་ཡིན་པ་གསུངས།
དེ་མ་ཟད་ཁོང་གིས་བོད་མིའི་སྒྲིག་འཛུགས་དང་མི་མང་བར་འབྲེལ་བ་དམ་གཟབ་གཏང་རྒྱུ་དང་། མི་མང་གི་དགོས་མཁོ་རྟོག་ཞིབ་ཆེད་ས་གནས་སུ་འཚམས་གཟིགས་ཐེངས་གཉིས་རེ་ཕེབས་རྒྱུའི་དམ་བཅས་པ་ལྟར་གཞིས་ཆགས་དང་བོད་མི་གནས་སྡོད་ས་གནས་ཁག་ཏུ་འཚམས་གཟིགས་ཐེངས་གཉིས་པ་དབུ་འཛུགས་གནང་ཡོད་པ་གསལ་བཤད་གནང་བའི་ཐོག འཛམ་གླིང་ཡུལ་གྲུ་གང་སར་བོད་མི་རྣམས་འགྲམས་ཡོད་པས། ཕྱོགས་ཕེབས་དང་འཛིན་སྐྱོང་བྱ་རྒྱུར་དཀའ་ངལ་ཡོད་ནའང་། དཀའ་ངལ་གདོང་ལེན་གྱིས་མི་མང་དང་སྒྲིག་འཛུགས་བར་གྱི་འབྲེལ་བ་དམ་གཟབ་ཏུ་གཏང་རྒྱུར་འབད་རྩོལ་གནང་གི་ཡོད་པ་གསུངས་ཡོད། དེ་བཞིན་ཁོང་གིས་སྐབས་བཅུ་དྲུག་པའི་བཀའ་ཤག་ངོས་ནས་སྒྲིག་འཛུགས་སྲ་བརྟན་དང་། གཞིས་ཆགས་དང་སློབ་གྲྭ་སོགས་སུ་ལས་གཞི་ལས་འཆར་བསྒྲིག་རྒྱུ་སོགས་ལ་ཕན་པའི་ཆེད་གྲངས་ཐོ་གལ་ཆེར་ངོས་འཛིན་ཞུས་ཏེ། གྲངས་ཐོ་ཚད་ལྡན་བཟོ་ཐབས་སུ་འབད་རྩོལ་གནང་གི་ཡོད་པ་དང་། དེ་དང་འབྲེལ་ཏེ་བོད་མིའི་སྒྲིག་འཛུགས་དང་ཨ་རིའི་རྒྱལ་ཡོངས་མང་གཙོ་བསྟི་གནས་ཁང་ཟུང་སྦྲེལ་གྱིས་ལས་གཞི་རྒྱ་ཆེན་པོ་ཞིག་སྤེལ་མུས་ཡིན་པ་གསལ་བཤད་གནང་ཡོད་པ་མ་ཟད། ལས་དོན་མྱུར་བ་ཡོང་ཐབས་སུ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ཅིག་གི་སྒྲོམ་གཞིར་ཡང་ལེགས་བཅོས་ཞུས་ཡོད་པ་སོགས་གསུངས་རྗེས་མི་མང་ཁག་ཅིག་གི་དོགས་དྲིར་ལན་འདེབས་གསལ་བཤད་གནང་ཡོད།
སྐབས་དེར་བཀའ་ཟུར་དང་སྲི་ཞུའི་ལས་བྱེད་ཟུར་པ་ཁག་ཅིག་དང་། བསྐོར་བསྐྱོད་ཁྲིམས་ཞིབ་པ་དང་བྱང་ཕྱོགས་ཁྲིམས་ཞིབ་པ། ས་གནས་འགོ་འཛིན། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། ཡན་ལག་རྩིས་ཞིབ་འགན་འཛིན། ས་གནས་འཕྲོད་བསྟེན་སྨན་ཁང་གི་འགན་འཛིན། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་གཙོས་པའི་གཞུང་དང་གཞུང་ཁོངས་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་སོགས་ཀྱང་ཕེབས་ཞུགས་གནང་ཡོད་པ་བཅས།།