
སྐབས་དེར་མ་སུ་རི་བོད་ཁྱིམ་སློབ་གྲྭའི་སྤྱི་ཁྱབ་དྲུང་ཆེ་བསྟན་འཛིན་ཕྱོགས་གླང་ལགས་དང་། དྲུང་ཆེ་གཞོན་པ་མིག་དམར་ཚེ་རིང་ལགས། རཱཇ་པུར་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་རྒྱལ་མཚན་ཕྱོགས་གླང་ལགས་གཙོས་པའི་དགེ་ལས་སློབ་ཕྲུག་རྣམས་ནས་ཕེབས་བསུ་ཞུས་པ་དང་འབྲེལ། སློབ་གྲྭའི་འཛིན་ཁང་དང་སྡེ་ཚན་སོ་སོར་གཟིགས་སྐོར་གནང་རྗེས་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་ཡོད།

དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་ནས་དགེ་ལས་སློབ་གཉེར་བ་རྣམས་ལ་གློག་སྟོན་བརྙན་རིས་བརྒྱུད་བོད་ཀྱི་ས་བབ་ཆགས་ཚུལ་ལས་བརྩམས་ཏེ། བོད་མཐོ་སྒང་དེ་འཛམ་གླིང་སྤྱིའི་ཁོར་ཡུག་དང་། ས་ཁམས་ཆབ་སྲིད་སོགས་ལ་གལ་གནད་ཆེ་ཚུལ་ངོ་སྤྲོད་གནང་ཞིང་། ལྷག་པར་བོད་ནས་ཐོན་པའི་གཙང་ཆུ་ཆེ་ཁག་ཨེ་ཤི་ཡའི་མི་མང་འབུམ་ཕྲག་མང་པོའི་འཚོ་རྟེན་ཆེད་གལ་ཆེན་པོ་ཆགས་ཡོད་པ་དང་། དེང་སྐབས་རྒྱ་ནག་གཞུང་གིས་གཙང་ཆུ་དེ་དག་ལ་ཆུ་མཛོད་རྒྱག་པ་སོགས་ཀྱིས་གཙང་ཆུ་དེ་དག་ཆབ་སྲིད་ཀྱི་དགོས་མཁོར་བེད་སྤྱོད་ལོག་པ་གཏོང་གི་ཡོད་པ་སོགས་འགྲེལ་བརྗོད་གནང་རྗེས་སློབ་ཕྲུག་ཁག་ཅིག་གི་དོགས་དྲིར་ལན་འདེབས་གསལ་བཤད་གནང་ཡོད། གསུང་བཤད་གྲུབ་པ་དང་དཔལ་ལྡན་སྲིད་སྐྱོང་མཆོག་ནས་རཱཇ་པུར་དགེ་འཕེལ་གླིང་རྒས་གསོ་ཁང་དུ་ཆེད་ཕེབས་ཀྱིས་རྒན་རྒོན་རྣམས་དང་ལྷན་མཇལ་འཕྲད་གནང་ཡོད་པ་རེད།
དཔལ་ལྡན་སྲིད་སྐྱོང་ལྷན་དུ་ནང་སྲིད་དྲུང་འཕར་བཀྲ་ཤིས་བདེ་སྐྱིད་ལགས་དང་། ལྡེ་ར་ལྡུན་ས་གནས་འགོ་འཛིན་དོན་གྲུབ་རྒྱལ་པོ་ལགས། དཔལ་འབྱོར་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འབྲེལ་ལས་ཐུབ་བསྟན་རིག་འཛིན་ལགས། འཕྲོད་བསྟེན་ལས་ཁུངས་ཀྱི་འབྲེལ་ལས་པདྨ་གཡུ་སྒྲོན་ལགས་ལྷན་བཅར་ཞུས་ཡོད་པ་བཅས།།