༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༩ ཚེས་ ༢༨ ཉིན་གྱི་སྔ་དྲོ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལྡེ་ར་ལྡུན་ཁུལ་གྱི་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས་ཀྱི་ཐོག་མར་མན་ཊུ་ཝ་ལ་གླིང་ཚང་གཞིས་ཆགས་སུ་ཕེབས་སྐབས་ས་གནས་འགོ་འཛིན་དོན་གྲུབ་རྒྱལ་པོ་ལགས་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། དགོན་སྡེ་ཁག་གི་སྐུ་ཚབ་མཚོན་པའི་ས་གནས་ཀྱི་གཞུང་དང་གཞུང་ཁོངས་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་ནས་ཕེབས་བསུ་གཟབ་རྒྱས་ཞུས་རྗེས་གེ་སར་ལྷ་ཁང་དང་། རྫ་སྨོན་རྒྱལ་གཡུང་དྲུང་གླིང་དགོན་པ། དཔལ་སྤུང་ཀུན་ཁྱབ་ཆོས་གླིང་དགོན་པར་གནས་གཟིགས་གནང་རྗེས་གླིང་ཚང་ཚོགས་ཁང་དུ་མང་ཚོགས་ལ་གསུང་བཤད་གནང་ཡོད།
གསུང་བཤད་ལས་རིམ་གྱི་ཐོག་མར་ལྡེ་ར་ལྡུན་ས་གནས་འགོ་འཛིན་དོན་གྲུབ་རྒྱལ་པོ་ལགས་ནས་ཕེབས་བསུ་དང་སྦྲགས། ས་གནས་ཀྱི་ལས་བསྡོམས་སྙན་སྒྲོན་ཞུས་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་མང་ཚོགས་ལ་གསུང་བཤད་གནང་ཡོད། དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གླིང་ཚང་གཞིས་ཆགས་ནས་ས་གནས་ཀྱི་དཀའ་སེལ་སླད་ས་གནས་རང་གི་ཚོགས་པ་ནས་རོགས་རམ་གང་ཐུབ་གནང་མུས་ལ་བསྔགས་བརྗོད་གནང་བ་དང་ཆབས་ཅིག ས་གནས་མི་མང་གི་གཞི་རྩའི་དགོས་མཁོར་གཞིགས་ཏེ་བོད་མིའི་སྒྲིག་འཛུགས་ནས་མཐུན་རྐྱེན་གང་ཐུབ་སྦྱར་རྒྱུ་ཡིན་པ་ཞལ་བཞེས་གནང་བའི་ཐོག བཙན་བྱོལ་ནང་གི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་ཏུ་དགེ་འདུན་པའི་ཞལ་གྲངས་ཉུང་དུ་འགྲོ་བཞིན་པའི་དཀའ་ངལ་ཡོད་པ་གསལ་སྟོན་དང་། དེ་འབྲེལ་ཆོས་རིག་ལས་ཁུངས་ཁྱབ་ཁོངས་དགོན་སྡེ་གྲྭ་ཚང་ཁག་གི་གྲངས་ཐོ་ལྟར་ན། ལོ་གསུམ་ནང་དུ་དགེ་འདུན་པའི་གྲངས་ཉུང་དུ་ཕྱིན་ཡོད་པ་མ་ཚད། ད་ཡོད་དགེ་འདུན་པའི་ནང་ནས་བརྒྱ་ཆ་མང་ཆེ་བ་ཧི་མ་ལ་ཡའི་མི་རིགས་ཡིན་པ་དང་། བོད་མི་དགེ་འདུན་པའི་བརྒྱ་ཆ་ཉུང་དུ་འགྲོ་གི་ཡོད་པ་གསུངས།
དེ་བཞིན་ཁོང་གིས་བོད་མི་རིགས་ལ་ངོམ་དུ་ཆོག་པའི་རིག་གཞུང་ཡོད་པ་ནི་བོད་བརྒྱུད་ནང་བསྟན་ཡིན་པས། གཞོན་སྐྱེས་ཚོས་ནང་ཆོས་ལ་དོ་སྣང་གནང་དགོས་པའི་སྐུལ་མ་གནང་བ་དང་ཆབས་ཅིག རྒྱལ་སྤྱིའི་ནང་བོད་དོན་ལ་དོ་སྣང་སླེབས་པ་དེ་ཕྱོགས་གཅིག་ནས་༸གོང་ས་མཆོག་གི་བཀའ་དྲིན་ལས་ནང་ཆོས་འཛམ་གླིང་ནང་དར་འཕེལ་ཕྱིན་པ་ལ་བརྟེན་ནས་བྱུང་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་རེད།
དེ་བཞིན་ཁོང་གིས་འཛམ་གླིང་ཁྱོན་ཡོངས་ཀྱི་ནང་ནས་བཙན་བྱོལ་བའི་སྤྱི་ཚོགས་ཁྲོད་མང་གཙོའི་ཆ་ལག་ཡོངས་སུ་ཚང་བའི་སྒྲིག་འཛུགས་ཡོད་པ་དེ་བོད་མི་ཁོ་ན་ཡིན་པ་དང་། འབྱུང་འགྱུར་བོད་མིའི་སྒྲིག་འཛུགས་དབུས་ས་མཚོན་པའི་བོད་མིའི་སྤྱི་ཚོགས་སྲ་བརྟན་ཡུན་གནས་ཐུབ་ཆེད་ཡུལ་ཁྲིམས་ལ་བརྩི་སྲུང་ཞུས་ཏེ། ཚོགས་པ་ཁྲིམས་མཐུན་དེབ་སྐྱེལ་དང་། ཕྱི་དངུལ་ལེན་ཕྱོགས་ཀྱི་བྱ་ཐབས་ཚུལ་བཞིན་སྒྲུབ་དགོས་པ། མ་ཟད་ས་ཆའི་བདག་དབང་གི་ཡིག་ཆ་གཅེས་སྲུང་བྱ་རྒྱུ་སོགས་ལ་དོ་སྣང་བྱ་རྒྱུ་གལ་ཆེན་པོ་ཡིན་ཞིང་། དེའི་ཆེད་བོད་མིའི་སྒྲིག་འཛུགས་ངོས་ནས་རྒྱ་གར་གྱི་ཡུལ་ཁྲིམས་སྐོར་གོ་རྟོགས་སྤེལ་སླད་ཟབ་སྦྱོང་དབུལ་འཆར་ཡོད་པ་གསུངས་སོང་།
ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་མི་རིགས་ཡོངས་རྫོགས་དམར་པོའི་ལྟ་སྤྱོད་ལྡན་པའི་རྒྱ་རིགས་སུ་བཙན་སྒྱུར་བྱེད་ཀྱི་ཡོད་པ་དང་། བོད་ནང་རིམ་བཞིན་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱ་རྒྱུར་དམ་བསྒྲགས་དང་། བོད་ཡིག་སློབ་ཁྲིད་བྱེད་མཁན་སྒེར་གཉེར་སློབ་གྲྭ་ཁག་སྒོ་རྒྱག་གི་ཡོད་པ་གསལ་བཤད་གནང་བའི་ཐོག བོད་ཀྱི་སྐད་ཡིག་གི་རིན་ཐང་དང་། ལྷག་པར་སྐད་ཡིག་དེའི་ནང་རིན་ཐང་བྲལ་བའི་ནང་པའི་ལུང་རྟོག་གི་བསྟན་པ་རིན་པོ་ཆེའི་གཞུང་ལུགས་རིག་ནས་ཡོད་པ་དྲན་སྐུལ་དང་འབྲེལ། ཆོས་རིག་ལས་ཁུངས་ནས་བོད་བརྒྱུད་ནང་བསྟན་རྒྱུན་འཛིན་ཆེད་གཞུང་ལུགས་དཔེ་ཆ་ཁག་འཕྲུལ་རིག་རྣམ་པར་བཤེར་འབེབས་བྱས་ཏེ། བོད་ཀྱི་གྲངས་འཛིན་དཔེ་མཛོད་བཟོ་སྐྲུན་གྱི་ལས་འཆར་སྤེལ་བཞིན་ཡོད་པ་གསལ་བཤད་གནང་བའི་ཁར། དེང་སྐབས་བཅོས་མའི་རིག་ནུས་ཐོག་ཏུའང་བོད་ཡིག་སླེབས་ཟིན་པ་འགྲེལ་བརྗོད་གནང་ཡོད་པ་རེད།
དེ་མ་ཟད་དཔལ་ལྡན་སྲིད་སྐྱོང་མཆོག་ནས་འདི་ལོར་བོད་མིའི་སྒྲིག་འཛུགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་སོགས་བོད་དོན་དང་འབྲེལ་བའི་སྒྲིག་འཛུགས་ཁག་ཐུན་མོང་གི་ཐབས་བྱུས་འབད་རྩོལ་ལ་བརྟེན་ནས་ཨ་རིའི་ནང་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་ཐུབ་ཡོད་ལ། ཁྲིམས་ཡིག་དེ་བརྒྱུད་བོད་རྒྱའི་དཀའ་རྙོག་ད་ལྟ་ཐག་ཆོད་མེད་པའི་རྒྱལ་སྤྱིའི་དཀའ་རྙོག་ཅིག་ཡིན་པར་ངོས་འཛིན་དང་། བོད་མིར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པ། དེ་བཞིན་རྒྱ་ནག་གིས་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་ལོག་བཤད་བྱེད་བཞིན་པ་དེར་ཨ་རི་གཞུང་གིས་གདོང་ལེན་གནང་གི་ཡོད་པ། བོད་ཅེས་པ་བོད་ཆོལ་ཁ་གསུམ་ལ་གོ་གི་ཡོད་པ་གསལ་སྟོན་གནང་ཡོད་ཅེས་གསུངས་མ་ཟད། ཁྲིམས་ཡིག་དེ་ལྟ་བུ་ཞིག་གཏན་འབེབས་གནང་ཐུབ་པ་ལ་བརྟེན་ནས་བོད་དོན་འཐབ་རྩོད་ཀྱི་གོམ་པ་གསར་པ་ཞིག་རྒྱག་ཐུབ་པ་བྱུང་ཡོད་ཅེས་གསལ་བཤད་གནང་ཡོད། །