༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༩ ཚེས་ ༠༥ ཉིིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་པུ་ནེར་རྟེན་གཞི་བྱས་པའི་སིམ་བྷོ་སི་རྒྱལ་སྤྱིའི་གཙུག་ལག་སློབ་ཁང་དུ་བོད་དང་བོད་དོན་ཆབ་སྲིད་ཀྱི་གལ་གནད་སྐོར་གསུང་བཤད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། རྒྱ་གར་གྱི་ཕྱི་འབྲེལ་གཞུང་ཚབ་ཟུར་པ་གཽ་ཏམ་བམྦཱ་ཝཱ་ལེ་ (Gautam Bambawale) ལགས། སིམ་བྷོ་སི་རྒྱལ་སྤྱིའི་གཙུག་ལག་སློབ་ཁང་གི་ངེས་སྟོན་པ་ལྕམ་སྐུ་ཤྭེ་ཏཱ་སིནྷཱ་དེཤ་པཱཾཊེ་ (Dr Shweta Sinha Deshpande) ལགས། སྤྱི་ཚོགས་ཚན་རིག་སྡེ་ཚན་གྱི་སློབ་དཔོན་རྣམ་པ། སློབ་གཉེར་བ་སོགས་ལྷན་ཞུགས་ཀྱིས་ཐོག་མར་ཕྱི་འབྲེལ་གཞུང་ཚབ་ཟུར་གཽ་ཏམ་བམྦཱ་ཝཱ་ལེ་ལགས་དང། སིམ་བྷོ་སི་རྒྱལ་སྤྱིའི་གཙུག་ལག་སློབ་ཁང་གི་ངེས་སྟོན་པ་ལྕམ་སྐུ་ཤྭེ་ཏཱ་སིནྷཱ་དེཤ་པཱཾཊེ་ལགས་གཉིས་ནས་ཕེབས་བསུ་དང་སྦྲགས། བོད་མིའི་སྒྲིག་འཛུགས་དང་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ངོ་སྤྲོད་གནང་། དེ་རྗེས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྐུ་མགྲོན་གཙོ་བོའི་གསུང་བཤད་གནང་དོན། ཁྱེད་ཚོ་འགའ་ཤས་ཀྱིས་བོད་ཀྱི་སྐོར་གོ་མྱོང་ཡོད་པའམ། ཡང་ན་བོད་མི་དང་ཐུག་མྱོང་ཡོད་སྲིད། ང་ཚོ་བོད་མི་རྣམས་འཛམ་གླིང་གང་སར་ཁ་གྲམ་ནས་བསྡད་ཡོད་ལ། ལྷག་པར་བོད་མི་ཚོ་རྒྱ་གར་དུ་ལོ་ ༦༥ ལྷག་རིང་གནས་སྡོད་བྱས་ཡོད་ཀྱང་། རྒྱ་གར་བ་མང་པོས་བོད་ཀྱི་སྐོར་ཤེས་ཀྱི་མེད། རྒྱ་གར་གྱི་གནད་ཡོད་མི་སྣ་མང་པོས་ཀྱང་བོད་ཀྱི་སྐོར་ཤེས་ཀྱི་མེད། དེའི་རྐྱེན་གྱིས་ང་རང་འཛམ་གླིང་ཡུལ་གྲུ་གང་སར་ཕྱིན་ནས་སྲིད་གཞུང་འདྲ་མིན་དང་མཉམ་དུ་འབྲེལ་བ་བྱས་ཏེ་བོད་ཀྱི་གནས་སྟངས་འགྲེལ་བཤད་རྒྱག་གི་ཡོད། དེ་མ་ཟད་གང་ཐུབ་ཀྱིས་གཙུག་ལག་སློབ་གྲྭ་མང་པོར་འབྲེལ་བ་བྱ་རྒྱུ་དེ་གལ་ཆེན་པོ་རེད། མ་འོངས་པར་གཙུག་ལག་སློབ་གྲྭ་གང་མང་ནང་འགྲོ་རྒྱུའི་འཆར་གཞི་ཡོད། གང་ཡིན་ཟེར་ན་རྒྱ་གར་གྱི་ན་གཞོན་ཚོས་ས་བབ་དང་བདེ་འཇགས་ཀྱི་ཆ་ནས་ཁོ་ཚོའི་ཁྱིམ་མཚེས་ཀྱི་གནས་སྟངས་ཤེས་རྟོགས་ཡོང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན། ཞེས་གསུངས། དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་དེ་ས་ཁམས་ཐབས་བྱུས་ཐོག་ནས་རྒྱ་གར་གྱི་བདེ་འཇགས་ལ་ཧ་ཅང་གལ་ཆེན་པོ་ཡིན་པ་མ་ཟད། ཁོར་ཡུག་ཐོག་ནས་ཀྱང་བོད་དེ་ཨེ་ཤི་ཡའི་གཙང་ཆུ་མང་པོའི་འབྱུང་ཁུངས་ཡིན་པས་རྒྱ་གར་གཙོས་པའི་གཤམ་འོག་ས་གནས་མང་པོའི་འཚོ་རྟེན་ལ་གནད་འགག་ཆེན་པོ་ཆགས་ཀྱི་ཡོད་པ་གསུངས། ལྷག་པར་ཁོང་གིས་བོད་མི་རྣམས་ནས་རྒྱ་གར་གྱི་གནའ་བོའི་ཤེས་རིག་གལ་ཆེ་ཤོས་ཤིག་དུས་རབས་མང་པོའི་རིང་གཅེས་སྐྱོང་རྒྱུན་འཛིན་བྱས་ཡོད་པས། ད་ལྟའི་དུས་སྐབས་སུ་རིག་གནས་དེ་དག་ནི་གནའ་བོའི་རྒྱ་གར་གྱི་ཤེས་རིག་གི་བང་མཛོད་ལྟ་བུར་གྱུར་ཡོད་པ་ནན་བརྗོད་གནང་ཡོད་པ་རེད། དེ་དང་འབྲེལ་ཏེ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཕྱི་ལོ་ ༡༩༥༡ ལོར་རྒྱ་ནག་དམར་ཤོག་གཞུང་གིས་བོད་ལ་བཙན་ཤེད་ཀྱིས་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་ཞིག་ལ་མིང་རྟགས་འགོད་བཅུག་སྟེ་བོད་བཙན་བཟུང་བྱས་པ་གསལ་སྟོན་གནང་བ་དང་ཆབས་ཅིག རྒྱ་ནག་གི་བཙན་བཟུང་ལ་བརྟེན་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་པས་བོད་བརྒྱུད་ནང་བསྟན་དང་མགོན་པོ་མཆོག་གི་མཚན་སྙན་འཛམ་གླིང་ཡོངས་སུ་གྲགས་པ་དང་། དེ་བརྒྱུད་༸གོང་ས་མཆོག་ནས་བོད་ཀྱི་བྱམས་བརྩེ་དང་། ཞི་བདེས་རྩིས་ཟིན་པའི་རིག་གཞུང་འཛམ་གླིང་མི་མང་ལ་ངོ་སྤྲོད་དར་འཕེལ་མཛད་དེ། སྐྱེ་འགྲོ་ས་ཡ་མང་པོར་ཕན་ཐོགས་རླབས་ཆེན་བྱུང་ཡོད་པ་གསལ་བཤད་གནང་ཡོད། དེ་མ་ཟད་ཁོང་གིས་འཕགས་བོད་བར་གྱི་ལོ་རྒྱུས་རང་བཞིན་ལྡན་པའི་ཆོས་རིག་གི་འབྲེལ་བ་སྤྱི་དང་། ལྷག་པར་ནང་པ་སངས་རྒྱས་པའི་བསྟན་པ་ཕྱི་ལོའི་དུས་རབས་བདུན་པ་ནས་བཟུང་བོད་ནང་ཆོས་རྒྱལ་རིམ་བྱོན་གྱི་བཀའ་དྲིན་ལ་རྟེན་ནས་དར་འཕེལ་བྱུང་རིམ་ངོ་སྤྲོད་གནང་བའི་ཁར། ད་ལྟའི་དུས་སྐབས་སུ་རྒྱ་གར་གཞུང་ནས་ཐད་ཀར་བོད་མིའི་སྒྲིག་འཛུགས་ལ་ཁྲིམས་མཐུན་ངོས་འཛིན་གནང་གི་མེད་ནའང་། དགོས་ངེས་མཐུན་འགྱུར་ཕན་གྲོགས་གང་ཐུབ་གནང་གི་ཡོད་ལ། ཁྱད་པར་དུ་རྒྱ་གར་གཞུང་དམངས་གཉིས་ནས་འདས་པའི་ལོ་ངོ་ ༦༥ ལྷག་རིང་བཙན་བྱོལ་བོད་མི་རྣམས་ཀྱི་སྤྱི་ཚོགས་བདེ་དོན་ལ་སྨན་པའི་རྒྱབ་སྐྱོར་ཧ་ཅང་ཚད་མཐོ་པོ་གནང་ཡོད་པ་དང་། དེར་བོད་མི་རྣམས་ནས་བཀའ་དྲིན་རྗེས་དྲན་ཞུ་གི་ཡོད་པ་སོགས་གསུངས་རྗེས་ཚོགས་བཅར་བ་དགེ་སློབ་ཁག་ཅིག་གི་དོགས་དྲིར་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས།།