༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༩ ཚེས་ ༢༠ ཉིན་ཇར་མན་རོགས་ཚོགས་ (Friedrich Naumann Foundation) ཀྱི་སྣེ་ཁྲིད་པའི་ཇར་མ་ནཱིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཧྤེ་རེང་མུ་ལར་ (Frank Muller-Rosentritt) ལགས་དང་། མཱལ་དིབ་མཚོ་གླིང་གི་གྲོས་ཚོགས་འཐུས་མི་ཧྤེ་ཡཛ་ཨིས་མེལ་ (Fayyaz Ismail) ལགས་གཙོས་པའི་ (Friedrich Naumann Foundation) རོགས་ཚོགས་ཀྱི་ལྷོ་ཨེ་ཤི་ཡའི་ས་ཁུལ་འགན་འཛིན་ཀར་སི་ཊན་ཀི་ལིན་(Carsten Klein) ལགས་དང་ལས་འཆར་འགན་འཛིན་རྒན་པ་ནུ་པུར་ཧ་ས་ཇི་ཡ་ (Nupur Hasija) ལགས། དེ་བཞིན་གསར་འགོད་པ་དང་སློབ་གཉེར་བ་སོགས་ནས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་ནས་བཀའ་ཤག་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་མཇལ་འཕྲད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་བཅུ་དང་ཕྱེད་ཀའི་ཐོག་གངས་སྐྱིད་སྲིད་སྐྱོང་ལས་ཁུངས་ཀྱི་ཚོགས་ཁང་དུ་ཇར་མན་ (Friedrich Naumann Foundation) རོགས་ཚོགས་ཀྱི་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་ནས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཚོགས་བཅར་བ་རྣམས་ལ་བོད་ནང་གི་ཆབ་སྲིད་གནས་བབ་སྤྱི་དང་། བྱེ་བྲག་ཏུ་བོད་ནང་གི་ཛ་དྲག་གནས་སྟངས་མཚོན་པའི་རྒྱལ་སྤྱིའི་སྤྱི་ཚོགས་སུ་བོད་དོན་ཞུ་གཏུག་ལས་དོན་སྤེལ་ཕྱོགས་སོགས་ཀྱི་སྐོར་ངོ་སྤྲོད་གནང་ཡོད། དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨིན་ཇིའི་རྩོམ་པ་པོ་ཇོར་ཇི་ཨོལ་ཝེལ་ (George Orwell) གྱི་བརྩམས་ཆོས་ ༡༩༨༤ ཞེས་པའི་ནང་སྔོན་དཔག་བྱས་པའི་སྲིད་དབང་གཅིག་སྡུད་རིང་ལུགས་པས་མི་སེར་ཐོག་བྱ་ར་སོ་ཉུལ་དང་དམ་བསྒྲགས་གཉའ་གནོན་བྱ་ཚུལ་དེ། ད་ཆ་རྒྱ་ནག་གཞུང་གིས་བོད་ནང་དངོས་སུ་ལག་བསྟར་གྱིས་བོད་མི་རྣམས་ཀྱི་འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་སྤྱི་དང་། ཁྱད་པར་དུ་དགོན་སྡེ་གྲྭ་ཚང་དང་ཤེས་ལྡན་མི་སྣ་སོགས་ཀྱི་ཁ་པར་དང་། གློག་འཕྲིན་སོགས་ལ་སོ་ཉུལ་བྱས་ཏེ། དོགས་པ་ཡོད་རིགས་ལ་འཕྲལ་དུ་དོ་དམ་བཙོན་འཇུག་བྱེད་ཀྱི་ཡོད་པ་མ་ཟད། བྱ་རའི་ཆེད་དུ་བོད་མིའི་རིགས་རྫས་དཔེ་མཚོན་བཙན་ཤེད་ཀྱིས་བསྡུ་གི་ཡོད་པ་གསལ་བཤད་གནང་ཡོད།
དེ་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་རིག་གཞུང་སྐད་ཡིག་དང་བཅས་པ་ཤུལ་མེད་བཟོ་ཐབས་སུ་བོད་མིས་སྒེར་གཉེར་སློབ་གྲྭ་ཁག་ཕྱིར་བསྡུ་བྱས་ཏེ། རྒྱ་ནག་གཞུང་གིས་གཉེར་བའི་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་ཁག་ཏུ་བོད་ཕྲུག་བཙན་འཇུག་གིས་རྒྱ་སྐད་གཙོ་བོར་གྱུར་བའི་ཆབ་སྲིད་ཀྱིས་བསླད་པའི་བསླབ་གཞི་སློབ་ཁྲིད་ཀྱིས་བོད་ཕྲུག་ན་གཞོན་རྣམས་རྒྱ་རིགས་སུ་བསྒྱུར་ཐབས་ཀྱི་བྱ་ངན་རྩོམ་བཞིན་ཡོད་པ་མ་ཟད། ཆོས་མེད་སྨྲ་བའི་དམར་པོའི་སྲིད་གཞུང་ནས་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་གི་འཛིན་སྐྱོང་ཐེ་བྱུས་ཀྱིས། དགོན་པའི་བསླབ་གཞི་རྩ་འཛིན་གཏན་འབེབས་དང་། དགོན་སྡེར་རབ་འབྱུང་ཆོས་སྒོར་ཞུགས་རྒྱུ་དང་། དགེ་འདུན་པའི་ཞལ་གྲངས་སོགས་ལ་ཚད་འཛིན་བྱེད་ཀྱི་ཡོད་པ་གསུངས། དེ་ལས་འཕྲོས་ཏེ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་ནག་གཞུང་ཤོག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་ཐེ་བྱུས་བྱ་རྒྱུར་དམིགས་ཏེ། ཕྱི་ལོ་ ༢༠༠༧ ལོར་བཀའ་རྒྱ་ཨང་ ༥ པ་ཞེས་པ་གསལ་བསྒྲགས་བྱས་ཏེ། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ངོས་འཛིན་རྒྱ་གཞུང་གི་བཀའ་ཁྲོལ་འོག་གསེར་འབུམ་དཀྲུག་འདོན་གྱི་ལམ་ནས་བྱེད་དགོས་པའི་བཙན་བཀའ་བཏང་བ་ཡོད་པ་དང་། འབྱུང་འགྱུར་སྤྱི་ནོར་༸གོང་ས་་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་ཐེ་བྱུས་བྱ་རྒྱུར་ངང་སྒུག་གྲ་སྒྲིག་བྱེད་ཀྱི་ཡོད་པ་གསལ་སྟོན་གནང་ཡོད།
གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་ནས་ཚོགས་བཅར་བ་རྣམས་ལ་བོད་མཐོ་སྒང་གི་ཁོར་ཡུག་དང་ས་ཁམས་ཆབ་སྲིད་ཀྱི་གལ་གནད། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་གི་རིན་ཐང་སོགས་ཀྱི་སྐོར་གསལ་བཤད་གནང་རྗེས་ཚོགས་བཅར་བ་ཁག་ཅིག་གི་དོགས་དྲི་ཕུལ་བར་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས། །