༄༅། ། ཕྱི་ལོ་ ༢༠༢༤ ཟླ་བ་ ༩ ཚེས་ ༡༨ ཉིན་རྒྱབ་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་ (Human Rights Network for Tibet and Taiwan) ཞེས་པའི་དྲུང་ཆེ་བཀྲ་ཤིས་ཚེ་རིང་ལགས་དང་། ཐེ་ཝན་ངལ་རྩོལ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་སན་ ཡུ་ ལ་ཡེན་ (SUN You-lian, Secretary-General of the Taiwan Labor Front) ལགས། ཁྲིམས་རྩོད་པ་དང་། ཐེ་ཝན་གཙུག་ལག་སློབ་གཉེར་ཁང་ཞིག་གི་ངལ་རྩོལ་ཁྲིམས་ཀྱི་སློབ་དཔོན་ལྕམ་སྐུ་ལེའོ་ ཧུཡེ་ཕང་ (Ms. LIAO Huifang, Lecturer in Labor Law, Ming Chuan University) ལགས་བཅས་གྲོས་ཚོགས་ཀྱི་ཟུར་ཉན་དུ་ཕེབས་པར་གྲོས་ཚོགས་ནས་དགའ་བསུ་ཞུས་གནང་ཡོད།དེ་རྗེས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་ལྷན་ཚོགས་གཙོའི་ལས་ཁུངས་སུ་མཇལ་འཕྲད་ཀྱིས་ཐོག་མར་འཚམས་འདྲི་དང་སྦྲགས། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ངོ་སྤྲོད་སྙིང་བསྡུས་དང་། ཐེ་ཝན་སྲིད་འཛིན་གྱི་ལས་འཁུར་དམ་འབུལ་སྐབས་དཔལ་ལྡན་ཚོགས་གཞོན་མཆོག་ཐེ་ཝན་ནང་གཞུང་འབྲེལ་ཆེད་བཅར་གནང་བའི་སྐབས་ཐེ་ཝན་གྱི་གནད་ཡོད་མི་སྣ་མང་པོ་ཞིག་མཇལ་འཕྲད་གནང་བ་བརྒྱུད་ཐེ་ཝན་གྱི་མང་གཙོའི་འགྲོ་ལུགས་སྲ་བརྟན་ཡིན་པ་དང་། མང་ཚོགས་རྣམས་མང་གཙོའི་གོ་རྟོགས་ཡག་པོ་ཡོད་པ་སོགས་ཐེ་ཝན་གྱི་མང་གཙོའི་ལམ་ལུགས་ལ་རྒྱུས་ལོན་གནང་རྒྱུ་བྱུང་བའི་སྐོར་དང་།
རྒྱ་ནག་དམར་ཤོག་གི་རྒྱ་སྐྱེད་རིང་ལུགས་ཀྱི་སྲིད་བྱུས་འོག མང་གཙོའི་ལམ་ལུགས་དང་། མི་མང་གི་མངོན་འདོད་སོགས་ལ་ཉེན་ཁ་ཆེན་པོ་ཆགས་ཡོད་སྟབས། རྒྱ་ནག་དམར་གཞུང་འོག་སྡུག་སྦྱོང་མནར་གཅོད་མྱོང་མཁན་ཙམ་མ་ཡིན་པར། མང་གཙོའི་རྒྱལ་ཁབ་ཚང་མ་མཉམ་དུ་ཁྲིད་ནས་གདོང་ལེན་གནང་རྒྱུ་གལ་ཆེན་པོ་ཆགས་ཡོད་པ། རྒྱ་ནག་དམར་གཞུང་གིས་བོད་ནང་གི་བྱིས་པ་རྣམས་རྒྱའི་བཅའ་སྡོད་སློབ་གྲྭར་བཙན་ཤེད་ཐོག་སློབ་འཇུག་བྱེད་བཅུག་ནས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། མི་རིགས་ཀྱི་ངོ་བོ་དང་བཅས་པ་རྩ་མེད་བཟོ་བཞིན་ཡོད་པའི་སྐོར་དང་། ལོ་རྒྱུས་ཐོག་བོད་འདི་རང་བཙན་གཙང་མ་ཡིན་པ་དང་། ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ངོས་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་བཞིན་ཡོད་པའི་སྐོར། མཐོ་སྒང་བོད་ཀྱི་ཁོར་ཡུག་གི་གལ་གནད་སྐོར་སོགས་གསུངས་གནང་བ་དང་། དེེ་བཞིན་བོད་ཀྱི་དངོས་ཡོད་ལོ་རྒྱུས་ཐོག་ཉམས་ཞིབ་བྱས་ནས་འབྲི་རྩོམ་གང་མང་སྤེལ་གནང་ཡོང་བའི་འབོད་སྐུལ་ཞུས་སོང་།
ཁོང་རྣམ་པས། ད་ལན་དཔལ་ལྡན་ཚོགས་གཞོན་མཆོག་ལས་བྲེལ་ཆེན་པོ་ཡིན་ཡང་དུས་ཚོད་བཏོན་ནས་མཇལ་འཕྲད་གནང་བ་དང་། དེ་བཞིན་དེ་སྔོན་ཐེ་ཝན་གྱི་སྲིད་འཛིན་དམ་འབུལ་ཐོག་མཉམ་ཞུགས་གནང་བ་བཅས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་ངོས་ནས་བོད་དོན་ལས་འགུལ་སྤེལ་མུས་ཡིན་པ་དང་། ཐེ་ཝན་ནང་ལའང་རྒྱ་ནག་དམར་གཞུང་གིས་གནས་ཚུལ་རྫུན་བསྒྲགས་བྱས་ནས་ཐེ་ཝན་གྱི་མང་གཙོར་དོ་ཕོག་གཏོང་བཞིན་ཡོད་པའི་སྐོར་དང་། བོད་དང་ཐེ་ཝན་མཉམ་རུབ་ཐོག་ལས་དོན་གནང་རྒྱུའི་སྐོར། བཙན་བྱོལ་ནང་བོད་མི་ཚོས་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་ཡག་པོ་བྱས་འདུག་པའི་སྐོར་སོགས་གསུངས་གནང་ཡོད་པ་བཅས། །