༄༅། །བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཚོགས་འདུ་མཇུག་བསྡོམས་གསུང་བཤད་གནང་དོན། དེ་རིང་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ། ཐོག་མའི་འཆར་གཞི་ལྟར་བྱས་པ་ཡིན་ན་ལས་ཉིན་བརྒྱད་བསྐྱང་རྒྱུ་རེད། ཡིན་ནའང་ང་ཚོར་གནས་སྟངས་ཤིག་གི་ཐོག་ནས་ཉིན་མ་གཅིག་དང་ཕྱེད་ཀ་ལས་རིམ་བསྐྱངས་མ་ཐུབ་པ་རེད། ཡིན་ནའང་རྩ་བའི་ཚོགས་གཙོ་གཉིས་ཀྱིས་ལས་རིམ་གང་བསྒྲིགས་པ་དེ་ཆ་ཚང་བ་ཞིག་དེ་རིང་མཇུག་ལེགས་པར་གྲུབ་པ་བྱུང་སོང་། དེ་ཡིན་དུས་དེ་རིང་ང་ཚོའི་གྲོས་ཚོགས་ར་བའི་ནང་ལ་བཞུགས་མཁན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་པའི་བཀའ་བློན་རྣམ་པ་རེད། དེ་བཞིན་ཚོགས་གཞོན་མཆོག་གིས་དབུས་པའི་བཀུར་འོས་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་ཚང་མའི་མཐུན་འགྱུར་ལ་བརྟེན་ནས་བྱུང་བ་ཡིན་དུས། རྣམ་པ་ཚོར་ཐོག་མར་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཚོགས་གཙོའི་མཇུག་བསྡོམས་ཀྱི་གཏམ་བཤད་དེ་ང་ཚོའི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ནང་ལ་གསལ་བ་གཞིར་བཟུང་རེད། དབུ་འབྱེད་ཀྱི་གཏམ་བཤད་ཡིན་ན་ལས་རིམ་དང་འབྲེལ་བ། མཇུག་བསྡོམས་ཀྱི་གཏམ་བཤད་དང་འབྲེལ་བ་ཡིན་ན་ལས་རིམ་གྱི་གྲུབ་འབྲས་དང་འབྲེལ་བ་ཡོད་པ་ཞིག་ཤོད་དགོས་པ་ཞིག་གསལ་བསྡད་ཡོད་རེད། ཡིན་ནའང་། ང་ཚོར་གནད་དོན་ལ་བལྟས་ཏེ་གཏམ་བཤད་ནང་ལ་ཡོང་དགོས་པའི་གནས་སྟངས་དེ་འདྲ་ཆགས་བསྡད་ཀྱི་རེད། དེ་རིང་ང་ཚོས་གྲོས་ཚོགས་ཚོགས་དུས་ཁག་གཅིག་ཕྱིར་འགྱངས་བྱེད་དགོས་པ་ཆགས་སོང་། དེ་རིང་འདྲ་ཡིན་ན། ཕལ་ཆེར་ང་གྲོས་ཚོགས་ནང་བསླེབས་ནས་བཟུང་སྟེ། གྲོས་ཚོགས་མཇུག་བསྡོམས་བསྐྱང་རྒྱུ་ཕྱི་པོ་ཆགས་པ་ཕལ་ཆེར་དེ་རིང་ཐེངས་དང་པོ་འདྲ་པོ་ཞིག་ཆགས་སོང། དེར་བརྟེན་ང་ཚོ་གྲོས་ཚོགས་ཀྱི་དུས་ཚོད་ཡིན་ནའང་གང་ལ་གང་འཚམ་ཕྱི་པོར་ཕྱིན་ནས། བཀུར་འོས་སྤྱི་འཐུས་རྣམ་པ་ཡིན་ནའང་སྐུ་ཐང་མཉེལ་པ་དེ་འདྲའི་ཐོག་ནས། མཇུག་བསྡོམས་ཀྱི་གཏམ་བཤད་དེ་གང་བསྡུས་བསྡུས་ཞུ་རྒྱུ་ཡིན་ཞེས་སྙན་སེང་ཞུ་རྒྱུ་ཡིན།
ང་ཚོའི་ལས་རིམ་དང་འབྲེལ་བའི་ཐོག་ནས་ཞུས་པ་ཡིན་ན། ང་ཚོས་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གཉིས་འཇོག་དགོས་ཆགས་པ་རེད། དང་པོ་དེར། སྤྱི་ཟུར་དྭངས་ཤར་ཡོན་ཏན་རྒྱ་མཚོ་ལགས་དང་། གཉིས་པ་དེར་སྤྱི་ཟུར་ཆུང་བདག་ཀོ་རིན་ལགས་ཉེ་ཆར་སྐུ་གཤེགས་པ་དེའི་ཐོག་ནས་ང་ཚོས་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གཉིས་བཞག་ཡོད་རེད། བཀུར་འོས་སྤྱི་འཐུས་ཟུར་པ་དམ་པ་གཉིས་ལྟ་བུ་ཡིན་ན། ང་ཚོའི་སྤྱི་ཚོགས་ནང་ལ་ཕྱག་ལས་མང་པོ་ཞིག་གནང་ནས་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་འགན་འཁུར་རིམ་པ་བཞེས་མཁན་གྱི་མཛད་རྗེས་ཅན་ཞིག་ཆགས་ཡོད་རེད། དེ་ཡིན་དུས་ང་ཚོས་གཅིག་མཚུངས་ཀྱི་ཐོག་ནས་དེ་རིང་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་འཇོག་ཐུབ་པ་དེ་ཡག་པོ་བྱུང་ཡོད་རེད།
དེ་ག་ནང་བཞིན་གྱི་ང་རང་ཚོའི་ལས་ཉིན་མང་བ་དེ་ཕྱི་ལོ་ ༢༠༢༣་་་༢༤ ལོའི་འཛིན་སྐྱོང་གི་ལྷན་ཁང་ཁག་བདུན་གྱི་ལས་བསྡོམས་དང་འབྲེལ་བ་ཆགས་ཡོད་རེད། རྩ་བའི་ལས་བསྡོམས་རྒྱས་པ་དེ་ལྷན་ཁང་ཁག་བརྒྱུད་ནས་སྤྱི་འཐུས་རྒྱུན་ལས་ལ་ཚུར་གནང་བ་དང་། སྤྱི་འཐུས་རྒྱུན་ལས་ཀྱི་ཐོག་ནས་སྡེ་ཚན་ཆ་བགོས་ཀྱིས་ཐུགས་ཞིབ་གནང་། འདིར་གནས་སྟངས་ཇི་ཆགས་དེ་རྒྱུན་ལས་ནང་ལ་གོ་བསྡུར་བྱས་ཏེ་བསྐྱར་དུ་འཛིན་སྐྱོང་ལ་ཕར་བཀའ་འདྲི་ཕེབས་རྒྱུ། འཛིན་སྐྱོང་གི་ཐོག་ནས་ལན་འདེབས་གྲོས་ཚོགས་འདིའི་ནང་ལ་བསླེབས་བསྡད་ཡོད་རེད། ལྷག་པར་དུ་འཛིན་སྐྱོང་གི་ལས་བསྡོམས་རྒྱས་པར་གཞིགས་ཏེ་ལས་བསྡོམས་བསྡུས་པ་གྲོས་ཚོགས་ནང་སྙན་སྒྲོན་ཞུ་བའི་གནས་སྟངས་དེ་ལྟར་ཆགས་ཡོད་རེད། དེ་ཚོའི་ཐོག་ལའང་སྤྱི་འཐུས་རྣམ་པས་བཀའ་མོལ་གསང་པོ་བྱས་ནས་ཞུས་པ། འཛིན་སྐྱོང་གི་ཐོག་ནས་ཡིན་ནའང་འགན་འཁུར་ལན་འདེབས་དེ་ཚོ་འཐུས་ཚང་བ་དང། གང་གསལ་གསལ་གྱི་ཡག་པོ་བྱུང་སོང་བསམ་གྱི་འདུག བཀུར་འོས་སྤྱི་འཐུས་རྣམ་པ་ཡིན་ནའང་དུས་རྒྱུན་དུ་ནས་ལས་དོན་ཁག་ལ་ཐུགས་མྱོང་ཡོད་མཁན་རེད། ལྷག་པར་དུ་ང་ཚོ་ཕྱི་ལོགས་ལ་ཕེབས་རྒྱུ་དང་། དེ་འདྲའི་གནས་སྟངས་ཀྱི་ཐོག་ནས་ཡང་ང་ཚོ་འཛིན་སྐྱོང་གི་ལས་དོན་དེ་ཚོ་ཡར་རྒྱས་ཚགས་ཚུད་གཏོང་དགོས་པའི་དགོངས་འཆར་དེ་འདྲ་ཕེབས་ཡོད་རེད། དེ་ཡིན་དུས་དེ་ཚོའི་ཐོག་ནས་ང་རང་ཚོ་འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས་དེ་ཡང་མ་འོངས་པར་ཚགས་ཚུད་དང། ཡར་རྒྱས་ཡོང་རྒྱུར་ཏན་ཏན་ཐུགས་ཕན་གསོས་ཡོད་རེད་བསམ་གྱི་འདུག འཛིན་སྐྱོང་ཟེར་དུས་གཙོ་བོ་དེ་འཛིན་སྐྱོང་གི་ལས་བྱེད་རྣམ་པ་དེ་ཕྱག་ལས་གནང་མཁན་གཙོ་བོ་གྲས་ཆགས་བསྡད་ཡོད་རེད། དེར་བརྟེན་འཛིན་སྐྱོང་གི་ལས་བྱེད་ལྷན་ཁང་སོ་སོའི་དྲུང་ཆེ་གཙོས་པའི་ལས་བྱེད་ཚང་མས་འགན་འཁུར་བཞེས་ནས། ང་ཚོའི་གྲོས་ཚོགས་ནང་ལ་བསྔགས་བརྗོད་གནང་རྒྱུ་དང་། དེ་བཞིན་ལེགས་བཅོས་དགོས་པའི་རིགས། ཐུགས་གཟབ་བྱེད་དགོས་པའི་བཀའ་མོལ་དེ་ཚོ་མ་འོངས་པར་དགོངས་པར་བཞག་སྟེ། ལས་དོན་བརྩམ་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་འདུག་ཅེས་སྙན་སེང་ཞུ་རྒྱུ་ཡིན།
དེ་ག་ནང་བཞིན་གྱི་དེ་རིང་ང་ཚོའི་ཁྲིམས་བཟོའི་ལས་དོན་ཞིག་ཆགས་ཡོད་རེད། ཁྲིམས་བཟོའི་ལས་དོན་དེ་བཀའ་ཤག་གི་ཐོག་ནས་བཅའ་ཁྲིམས་བསྐྱར་བཅོས་ཤིག་འཁུར་ཡོད་རེད། དེ་བཞིན་སྤྱི་འཐུས་རྒྱུན་ལས་ཀྱི་ཐོག་ནས་གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཤིག་འཁུར་ཡོད་རེད། བསྐྱར་བཅོས་དེ་གཉིས་བརྒྱུད་ནས་བར་སྐབས་ང་ཚོའི་སྤྱི་ཚོགས་ནང་ལ་དཀའ་ངལ་འཕྲད་པ་དེ་གཙང་མ་འདྲ་པོ་ཞིག་ཆགས་བསྡད་ཡོད་རེད། དེ་ཡིན་དུས་དེ་རིང་བཀུར་འོས་སྤྱི་འཐུས་རྣམ་པ་རེད། འཛིན་སྐྱོང་བཀའ་ཤག་རེད། དེའི་ཐོག་ལ་མཉམ་རུབ་ཀྱིས་འགན་ཆེན་པོ་བཞེས་སོང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་གཅིག་དང་། འདི་ཡི་ཐོག་ལས་རིམ་རྣམ་གཞག་ཅིག་བཏོན་ཡོང་འདུག ༸སྐྱབས་མགོན་རིན་པོ་ཆེ་ལ་སྙན་སེང་ཞུ་དགོས་པ་དེ། ང་ཚོས་གོ་སྐབས་ཤིག་ཞུས་ནས་སྙན་སེང་ཞུ་ཆོག་གི་རེད། ཡིན་ནའང་དེའི་དགེའི་རྩ་བ་དེ་༸སྐྱབས་མགོན་རིན་པོ་ཆེ་སྐུ་ཚེ་བསྐལ་བརྒྱར་བཞུགས་རྒྱུའི་ཆེད་དུ་ཚང་མས་ཐུགས་སྨོན་འདྲ་གནང་ཐུབ་ན། དེས་ཏན་ཏན་ངས་ཐུགས་ཕན་གསོས་ཀྱི་རེད་བསམ་གྱི་འདུག དེ་ཡིན་དུས་དེ་རིང་ང་ཚོའི་ལས་དོན་དེ་རླབས་ཆེན་པོ་འདྲ་ཞིག་རེད་བསམ་གྱི་ཡོད། བར་སྐབས་ང་ཚོས་གཅིག་གིས་གཅིག་ལ་ནོར་བ་དང་། གཅིག་གིས་གཅིག་ལ་འགྲིག་མི་འདུག་ཟེར་ནས་ལབ་རྒྱུ་གང་མེད་དེ། སྤྱི་ཚོགས་སྤྱི་ཡོངས་ཀྱི་དཀའ་ངལ་ཞིག་ཆགས་སོང་། འགན་འཁུར་མཁན་ནང་ལའང་དེའི་དཀའ་ངལ་དེ་ཡོང་གི་འདུག སྤྱི་ཚོགས་ནང་ལོགས་ལའང་དཀའ་ངལ་ཞིག་ཡོང་གི་འདུག དེ་ཚོའི་གྲས་ལ་ངས་ཞུ་རྒྱུ་གཙོ་བོ་ག་རེ་ཡིན་ཟེར་ན། ཉམས་མྱོང་དེ་ལ་གཞི་བཞག་ནས་མ་འོངས་པར་ང་ཚོར་གནས་སྟངས་དེ་འདྲ་མ་ཡོང་བར་འགན་འཁུར་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་ཞེ་པོ་རེད་འདུག དངོས་སུ་ང་ཚོ་དཀྱིལ་འཁོར་འདིའི་ནང་ལ་བཞུགས་མཁན་ཡིན་ནའང་དེ་ག་རང་རེད། ཕྱི་ལོགས་ལ་བཞུགས་མཁན་ཡིན་ནའང་དེ་ག་རང་རེད། འགན་ཁུར་མཁན་ཞིག་ལ་འཁུར་བཅུག་ནས་དེ་ལ་ཞེ་པོ་ཞིག་གནོན་ཤུགས་དང་སུན་གཙེར་ལ་སོགས་པའི་ཐབས་ཤེས་འདྲ་བསྐྲུན་བསྡད་པ་ཡིན་ན། དེ་ལའང་ཤུགས་རྐྱེན་ཐེབས་ཀྱི་འདུག་པས། མ་འོངས་པར་དེ་འདྲ་མ་ཡོང་བར་ང་ཚོས་དེ་རིང་གི་ཉམས་མྱོང་ལ་གཞིགས་ནས་ང་ཚོའི་མང་གཙོ་ཡིན་ནའང་གོང་འཕེལ་དང་ཚགས་ཚུད་པོ་ཡོང་བ། ང་ཚོའི་མང་གཙོའི་སྒྲོམ་གཞི་འདི་ལྟ་བུ་ཡིན་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོར་གསོལ་སྩལ་གནང་ནས་ལོ་ ༦༥ ཆགས་འགྲོ་ཡི་ཡོད་རེད། དེ་ཡིན་དུས་ཧ་ཅང་གིས་དགོངས་པ་རླབས་ཆེན་པོ་ཞིག་བཞེས་ནས། ང་ཚོའི་གྲོས་ཚོགས་ནང་ལ་ཆོལ་ཁ་ཆོས་བརྒྱུད་དང་བཅས་པའི་འཐུས་ཚབ་ཡོད་དུས། ལས་དོན་ག་རེ་ཡིན་ནའང་ཐག་ཆོད་པ་ཡོང་དུས་དེ་ཡང་གཅིག་བསྐལ་བ་བཟང་པོ་དང་བསོད་ནམས་ལྡན་པ་ཞིག་མིན་ནམ་བསམ་བསམ་གྱི་ཚོར་སྣང་དེ་འདྲ་ཡོང་གི་འདུག ༸སྐྱབས་མགོན་རིན་པོ་ཆེ་ཡིས་ང་ཚོར་སྔོན་མ་བཀའ་སློབ་དེ་འདྲ་ཕེབས་སོང་། རྣམ་པ་ཚོར་ཡོངས་གྲགས་ཆགས་བསྡད་ཡོད་རེད། ང་ཁྲི་སྲོང་ལྡེ་བཙན་གྱི་སྐུ་སྐྱེ་དང་འབྲེལ་བ་ཡོད་རེད། ཁྱེད་རང་ཚོ་ད་ལྟ་འགན་འཁྱེར་མཁན་དེ་ཚོ་ང་དང་འབྲེལ་བ་ཆགས་སྡོད་དུས་ཏན་ཏན་གྱིས་ཁྱེད་རང་ཚོ་བསྐལ་པ་བཟང་པོ་དང་དེ་འདྲའི་ལས་འབྲེལ་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཟེར་ནས་ཚར་གཅིག་གཉིས་ཤིག་དེ་འདྲ་དངོས་སུ་གསུངས་སོང་། དེ་ཡིན་དུས་ང་ཚོ་དཀྱིལ་འཁོར་འདི་འདྲ་ཞིག་ལ་མཉམ་ཞུགས་བྱས་ཏེ་ལས་དོན་མཉམ་དུ་བཞུགས་ཐུབ་པ་དེ་དངོས་གནས་ཀྱི་ཕྱོགས་གཅིག་ནས་བསམ་བློ་གཏོང་ན། ང་ཚོས་ཚེ་སྔོན་བསོད་ནམས་བསགས་པའི་འབྲས་བུ་ཞིག་ཏན་ཏན་ཡིན་གྱི་རེད་བསམ་གྱི་འདུག ཚེ་སྔོན་བསོད་ནམས་བསགས་པའི་འབྲས་བུ་རེད་ཟེར་ན། དེར་བསམ་བློ་ཁྱོན་ནས་མ་བཏང་བ་དང་འགན་ཁྱོན་ནས་མ་འཁུར་བའི་ཕྱག་ལས་གནང་ན་འགྲིག་གི་ཡོད་མ་རེད་པཱ། དེ་དང་མཐུན་པའི་ཐོག་ནས་གང་ལྟར་ག་རེ་ཡིན་ནའང་ཡར་རྒྱས་དང་ཚགས་ཚུད་པོ་ཡོང་རྒྱུ། ཚད་དང་ལྡན་པ་ཡོང་རྒྱུ། དེ་ནས་འགན་འཁུར་ཚད་ལྡན་ཡོང་ཐུབ་རྒྱུར་མ་འོངས་པར་ཡིན་ནའང་ཚང་མས་དགོངས་པ་བཞེས་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་འདུག འདི་གཅིག་ཞུ་རྒྱུ་ཡིན།
དེ་ག་ནང་བཞིན་ང་ཚོ་མཛད་གཙོ་རྣམ་པ་འཕོ་འགྱུར་དང་འབྲེལ་བའི་སྒྲིག་གཞི་བསྐྱར་བཅོས་ཤིག་སྔོན་མ་ཚོགས་ཆུང་གི་ཐོག་ནས་གཅིག་བསྣམས་པ་རེད། དེ་རྗེས་འབྲེལ་གྱི་ཚོགས་ཆུང་ལ་བསྐྱར་དུ་བཏང་ནས་ད་ལྟ་སྙན་ཐོ་དང་འཆར་ཟིན་དེ་བསླེབས་བསྡད་ཡོད་རེད། ཡིན་ནའང་། དེ་གོང་དུ་ཞུས་པ་གཞིར་བཟུང་རེད། དེ་རིང་གྲོས་ཚོགས་འདིའི་དུས་ཚོད་དོག་པོ་ཞེ་དྲག་ཆགས། དེའི་ཐོག་ལ་བགྲོ་གླེང་དང་། དྲི་བ་དྲིས་ལན་དང་དེ་ཚོ་ཚོགས་གཙོའི་འདོད་བློ་ཁེངས་པ་ཞིག་བྱུང་མ་སོང་། ཡིིན་ནའང་། དེ་ཞུས་བསྡད་ན་ཏག་ཏག་སྡོད་ཀྱི་མི་འདུག དེ་ཡིན་དུས་འདོད་བློ་ཁེངས་པ་ཞིག་མ་བྱུང་དུས་ང་ཚོས་དེར་ཐབས་ལམ་ཞིག་བཙལ་ནས་བསྐྱར་དུ་ཚོགས་ཆུང་ལ་གཅིག་གཏང་རྒྱུ་བྱས་པ་རེད། དེའི་ཐོོག་ནས་མ་འོངས་པར་ཚོགས་ཆུང་ནང་ལ་ཆ་ཤས་བཞེས་མཁན་རྣམ་པ་ཡིན་ནའང་ཏན་ཏན་གྱིས་ངས་ཕྱག་ལས་དེ་ལ་གྲུབ་འབྲས་ཞིག་འཐོན་ཐུབ་ཀྱི་རེད་བསམ་བསམ་གྱིས་ང་ཚོས་བསྐོ་གཞག་བྱེད་ཡོང་དུས་ཡིན་གཅིག་མིན་གཅིག་ཞལ་བཞེས་གནང་རོགས་གནང་ཞུ་རྒྱུ་ཡིན། དེ་ཡིན་དུས་གྲོས་ཚོགས་ནང་ལ་ཡིན་ནའང་ང་ཚོ་དོན་དང་ལྡན་པ་ཚགས་ཚུད་པོ་དང་ཚད་ལྡན་ཡོང་རྒྱུ་ལ་ཕན་ཐོགས་ཀྱི་འདུག དེ་འདྲའི་ཐོག་ནས་ད་ལྟ་ང་ཚོས་ཆེད་འཛུགས་ཚོགས་ཆུང་ལ་བསྐྱར་དུ་གཏོང་དགོས་རྒྱུའི་གནས་སྟངས་ཆགས་བསྡད་ཡོད་རེད། ཡིན་ནའང་། ང་ཚོ་གྲོས་ཚོགས་ཚོགས་དུས་དགུ་པའི་སྐབས་སུ་བསླེབ་ཡོང་གི་ཡོད་རེད། དེ་ཚོའི་ཐོག་ལ་ཡིན་ནའང་དགོངས་པ་བཞེས་ས་གཅིག་ཆགས་ཀྱི་རེད་ཟེར་ནས་ཞུ་རྒྱུ་ཡིན། དེ་ག་ནང་བཞིན་མཛད་གཙོ་རྣམ་པའི་ཕོགས་ཀྱི་ཚད་རིམ་གྱི་སྒྲིག་གཞི་དེ་རེད། དེ་སྤྱི་འཐུས་རྒྱུན་ལས་ཀྱི་ཐོག་ནས་གཏན་འབེབས་བྱས་ནས་དེ་རིང་ང་ཚོས་གྲོས་ཚོགས་ལ་སྙན་སེང་བཀའ་འཁྲོལ་ཞུས་པའི་གནས་སྟངས་ཆགས་བསྡད་ཡོད་རེད། དེ་ང་ཚོས་ལག་ལེན་བསྟར་བཞིན་པའི་གནས་སྟངས་ཆགས་བསྡད་ཡོད་རེད་ཅེས་ཞུ་རྒྱུ་ཡིན།
དེ་ནས་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དེ་ང་ཚོས་གལ་ཆེན་པོ་ཞེ་དྲག་བརྩི་ཡི་ཡོད་རེད། ཕྱི་ལོ་ ༢༠༠༨ ནས་བཟུང་སྟེ་འཁུར་ཡོང་གི་ཡོད་རེད། དེའི་ནང་ལ་བོད་ནང་གི་ཆབ་སྲིད་ཀྱི་དཀའ་ངལ་གྱི་གནས་སྟངས་དང་། རྒྱ་ནག་གི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་། རྒྱལ་སྤྱིའི་ཐོག་ནས་ང་ཚོ་ལ་རྒྱབ་སྐྱོར་གྱི་གནས་ཚུལ་བྱས་ཏེ་ད་ལྟ་ཡིན་ན་ང་ཚོས་གྲོས་ཆོད་དོན་ཚན་བདུན་ཞིག་འཇོག་ཐུབ་ཡོད་རེད། དེ་ཡིན་དུས་དེ་ཚོའི་གྲས་མ་འོངས་པར་སྤྱི་འཐུས་རྣམ་པས་ཏོག་ཙམ་ཐུགས་སྣང་གནང་དགོས་པ་གལ་ཆེན་པོ་མེད་ན་བསམ་གྱི་འདུག དེ་ཡིན་དུས་མཚམས་རེར་རང་ལུས་མེར་བསྲེགས་གཏོང་མཁན་གྲངས་ཀ་དེ་ཚོ། རྣམ་པ་ཚོས་གྲངས་ཀ་གསུང་མཁན་དེ་འདྲ་མཐོང་ཡོང་གི་འདུག དེ་ཏག་ཏག་ཅིག་གསུངས་ཐུབ་ཀྱི་མི་འདུག དེ་ཡིན་དུས་ཡིག་ཆ་དེ་ཚོའི་ནང་གསལ་པོ་ཞེ་པོ་ཞིག་ཡོད་རེད། དེ་ཡིན་དུས་དེ་ཚོའི་གྲས་བཀླགས་ནས་མ་འོངས་པར་གསུང་བཤད་གནང་མཁན་ཡིན་ནའང་འདྲ། ག་རེའི་ཐོག་ལ་ཡིན་ནའང་དེ་ཚོ་ཏོག་ཙམ་བེེད་སྤྱོད་གཏོང་ཐུབ་ན་ཡག་པོ་མེད་ན་བསམ་གྱི་འདུག དེ་འདི་ལ་གཏན་འབེབས་བྱས་ནས་བཞག་བཞག་པ་ཡིན་ན། ང་ཚོར་ཞེ་དྲག་ཕན་ཐོགས་མ་སོང་ངཱ། དེ་ང་ཚོའི་དཀྱིལ་འཁོར་འདིའི་ནང་ལ་བཞག་ནས་ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཕར་དཔང་རྟགས་འདྲ་པོ་འདིའི་ཐོག་ནས་གོ་བརྡ་སྤྲོད་རྒྱུ། ང་ཚོའི་གནས་ཚུལ་དེ་ཆ་ཚང་སྤྲོད་ཐུབ་རྒྱུའི་རྒྱུ་ཆ་འདྲ་པོ་ཞིག་ཆགས་ཀྱི་ཡོད་རེད། དེ་ཡིན་དུས་དེ་ཚོའི་གྲས་ཡིན་གཅིག་མིན་གཅིག་མ་འོངས་པར་ཡིག་ཆ་དེ་ཚོ་ཀློག རིམ་པས་ང་ཚོས་ཨིན་ཇིའི་ཐོག་ལ་སྒྱུར་ཡོང་གི་ཡོད་རེད། དེ་ཚོ་བཀླགས་ནས་ཡིན་གཅིག་མིན་གཅིག་དེ་ཚོའི་ཐོག་ལ་སོ་སོའི་ངོས་ནས་ཉམས་མྱོང་གསག་རྒྱུ་དང་། གཞན་དང་བཀའ་མོལ་ཞུ་རྒྱུ། ང་ཚོར་ཞུ་གཏུག་གི་ལས་འགུལ་མང་པོ་བསླེབ་ཡོང་དུས་དེ་ཚོའི་གྲས་ཡིན་གཅིག་མིན་གཅིག་ཚད་དང་ལྡན་པ་ཞིག་གསུང་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་རེད་འདུག་ཅེས་དེ་གཅིག་སྙན་སེང་ཞུས་ན་བསམས་སོང་།
དེ་ག་ནང་བཞིན་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་ཟུར་པ་ལྕམ་སྐུ་ཇ་ནི་ཊ་ རཡེ་སེ་ (Former Senator Janet Rice) མཆོག་ལ་ང་ཚོས་ཐུགས་རྗེ་ཆེ་ཞུའི་གྲོས་ཆོད་ཅིག་བཞག་ཡོད་རེད། ང་ཚོས་གྲོས་ཆོད་འཇོག་རྒྱུ་དེ། ང་ཚོའི་སེམས་པ་མཚོན་བྱེད་ཙམ་ཞིག་རེད། ཁོང་རྣམ་པས་ཕྱག་ལས་གནང་བ་དེ། ང་ཚོར་རྦད་དེ་སེམས་གཏིང་ནས་ལྷག་བསམ་རྣམ་དག་གིས་༸སྐྱབས་མགོན་རིན་པོ་ཆེའི་མཛད་པ་འཕྲིན་ལས་ལ་བརྟེན་ནས་ང་རང་ཚོ་ལ་རྒྱབ་སྐྱོར་ཞིག་གནང་གི་ཡོད་རེད། རིགས་གཅིག་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དེ་ཚོའི་ཐོག་ནས་སོ་སོ་སྒེར་ལ་ཕན་ཐོགས་ཡོང་བའི་ཆ་ནས་ང་ཚོ་ལ་ཐུགས་སྣང་དང་དོ་སྣང་གཅིག་ཡོང་གི་ཡོད་རེད། ཕྱོགས་གཅིག་ནས་ཆབ་སྲིད་ཀྱི་གནས་སྟངས་ཀྱི་ཐོག་ནས་བོད་ཅེས་པ་དེ་མཐོ་སྒང་གི་སྣེ་གསུམ་པ་འདྲ་པོ་ཞིག་ཆགས་བསྡད་དུས་ང་ཚོ་ལ་འབྲེལ་བ་བྱེད་དགོས་རྒྱུ་དང་། ང་ཚོའི་དོན་དག་ལ་རྒྱབ་སྐྱོར་བྱེད་དགོས་པའི་གནད་དོན་མ་འདྲ་བ་མང་པོ་ཞེ་དྲག་ཡོད་རེད། དེ་ཚོའི་གྲས་གནང་བ་དེ་ཚོ། ཁོང་ཚོ་དངོས་གནས་དྲང་གནས་ཀྱི་ལྷག་བསམ་རྣམ་དག་རང་ཆགས་བསྡད་ཡོད་རེད། ང་ཚོས་དེ་ལ་དོད་འདྲ་པོ་གང་ཡང་འབུལ་རྒྱུ་ཡོད་མ་རེད། ཡིན་ནའང་། ཉིན་མཚན་དཀའ་ལས་རྒྱག་གི་ཡོད་རེད། ད་ལྟ་དཔེར་ན། ཨ་རིའི་ཁྲིམས་འཆར་འདྲ་པོ་ཡིན་པ་ཡིན་ན་ལས་སླ་པོ་ཁྱོན་ནས་མི་འདུག་གཱ བརྒྱུད་རིམ་དེ་ཚོར་བསམ་བློ་གཏོང་ཡོང་དུས། ཡིག་ཆ་བཟོ་མཁན་གྱིས་ཡིག་ཆ་བཟོ་རྒྱུ་དང་། འབྲེལ་བ་ཡོད་པ་མང་པོ་ཞིག་བརྒྱུད་ནས་དོན་དག་དེ་སོན་ཐུབ་པ་ཆགས་ཡོང་དུས་དེ་ཚོའི་ཐོག་ལ་དཀའ་ལས་རྒྱག་མཁན་དེ་ཚོར་ང་ཚོའི་སྤྱི་ཚོགས་ནང་ལ་ངོས་འཛིན་བྱུང་ཐུབ་པ་ཡིན་ན། མ་འོངས་པར་ལུང་པ་སོ་སོའི་ནང་ང་ཚོས་མི་དེ་ལ་ངོས་འཛིན་དེ་འདྲ་ཞིག་གནང་བ་རེད་ཟེར་དུས་ཁོ་རང་ཚོའི་ངོས་ནས་མིག་དཔེ་བལྟས་ནས་བོད་དོན་གྱི་ཐོག་ལ་རྒྱབ་སྐྱོར་མང་པོ་ཡོང་ཐུབ་རྒྱུའི་ཐབས་ཤེས་ཤིག་ཆགས་ཀྱི་ཡོད་རེད། ང་ཚོའི་ངོས་ནས་ཀྱང་དེ་ལ་མིག་དཔེ་ཞིག་སྟོན་ཐུབ་པ་ཡིན་ན། ང་ཚོའི་སྤྱི་ཚོགས་ནང་ལ་དེར་གོ་རྟོགས་ཤིག་བསླེབས་ཀྱི་ཡོད་རེད། དེ་ཡིན་དུས་དེ་འདྲའི་ཐོག་ནས་ཐུགས་རྗེ་ཆེ་ཞུ་དེ་གཙོ་བོ་སེམས་པ་མཚོན་བྱེད་རང་གི་ཆ་ནས་ཆགས་བསྡད་ཡོད་རེད། དེ་ཡིན་དུས་དེ་རིང་ང་ཚོས་གྲོས་ཆོད་འདི་བཞག་ཐུབ་པ་དེ་ཡག་པོ་བྱུང་སོང་ཞེས་ཞུ་རྒྱུ་ཡིན།
དེ་ག་ནང་བཞིན་འཛིན་སྐྱོང་བཀའ་ཤག་གི་ཐོག་ནས་ཨ་རི་གྲོས་ཚོགས་ནས་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་ཀྱི་ཁྲིམས་ཡིག་གཏན་འབེབས་བྱུང་བ་ལ་ཡང་ང་ཚོས་ཐུགས་རྗེ་ཆེ་ཞུའི་གྲོས་ཆོད་བཞག་ཡོད་རེད། གྲོས་ཆོད་དེ་འཛིན་སྐྱོང་བཀའ་ཤག་གིས་བསྣམས་ཡོད་རེད་མ་གཏོགས། མཐའ་མ་དེ་ང་ཚོ་གྲོས་ཚོགས་ཀྱིས་གཏན་འབེབས་བྱས་པ་ཡིན་དུས་གྲོས་ཚོགས་ཀྱི་ངོས་ནས་ཡིན་ནའང་དེ་ལ་ཐུགས་རྗེ་ཆེ་ཞུའི་གནས་སྟངས་ཤིག་ཆགས་བསྡད་ཡོད་རེད། དེ་ཡིན་དུས་ཉེ་ཆར་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་འདིར་ཕེབས་པ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་ནས་ད་ལྟ་ཁྲིམས་ཡིག་གི་ཐོག་དེ་དུས་མཚན་རྟགས་བསྐྱོན་ཡོད་མ་རེད་དེ། ཁོ་རང་ཚོས་༸སྤྱན་འབུལ་ཞུས་པ། ༸སྐྱབས་མགོན་རིན་པོ་ཆེས་ཐུགས་དགྱེས་པོ་ཞེ་དྲག་ཅིག་གནང་སོང་། དེ་གལ་ཆེན་པོ་ཞེ་དྲག་རེད་ཅེས་གསུངས་སོང་། དེའི་བརྙན་ཕྱི་ལ་ཡང་ཐོན་ཡོད་རེད། དེ་ཡིན་དུས་དེ་འདྲའི་ཐོག་ནས་གལ་ཆེན་པོ་ཞེ་དྲག་ཆགས་བསྡད་དུས་དེ་ལ་ང་ཚོས་ཐུགས་རྗེ་ཆེ་ཞུ་གནང་དགོས་རྒྱུ་དང་། མ་འོངས་པར་ཡིན་ནའང་ང་ཚོས་ཨ་རི་གཅིག་པུ་མ་རེད། འཛིན་སྐྱོང་གི་དགོངས་པའི་ནང་ལ་ཡང་འདུག ཆབ་སྲིད་ཀྱི་མཐུན་ཕྱོགས་ཀྱི་རྒྱལ་ཁབ་སུ་དང་སུ་ཡིན་ནའང་དེ་ཚོའི་ནང་ལ་ང་ཚོས་གྲོས་ཆོད་ཡིན་ནའང་འདྲ། དེ་ནང་བཞིན་ཁྲིམས་ཡིག་ཡིན་ནའང་བོད་དོན་གྱི་ཐོག་ལ་དེ་འདྲ་འཇོག་ཐུབ་པ་ཡིན་ན་ཏན་ཏན་གྱིས་ཐུགས་ཕན་གསོ་ཡི་རེད་བསམ་གྱི་འདུག ད་ལྟ་ང་ཚོས་མིག་དཔེ་སྟོན་གྱི་ཡོད་རེད་པཱ། དེ་ཡིན་དུས་ཨ་རིས་བཞག་ཚར་དུས་མང་པོ་ཞིག་གིས་དེ་ལ་ཐུགས་སྣང་གནང་རྒྱུའི་གཞི་ཆགས་ཚར་ཡིན་དུས་ང་ཚོའི་ཐོག་ནས་མ་འོངས་པར་ཡིན་ནའང་འབད་བརྩོན་ཞུ་ཐུབ་དགོས་རྒྱུ་འདི་གལ་ཆེན་པོ་རེད་འདུག་ཅེས་དེ་ཞུ་རྒྱུ་ཡིན།
དེ་ག་ནང་བཞིན་དེ་རིང་ང་ཚོ་བཀའ་ཤག་གི་གསལ་བཤད་ཅིག་ཕེབས་ཡོད་རེད། ང་ཚོར་གསལ་བཤད་དང་དེ་ཚོའི་ཐོག་ལ་དུས་ཚོད་འདང་ངེས་ཤིག་བྱུང་མ་སོང་། འཛིན་སྐྱོང་གི་ཐོག་ནས་ཡིན་ནའང་ལན་འདེབས་དེ་ཚོ་ག་ཚོད་ཅིག་དགོངས་པ་བཞེས་ཡོད་མེད་གཅིག་རེད། ནམ་རྒྱུན་འདྲ་ཡིན་ན་གསལ་བཤད་ཀྱི་ཐོག་ལ་ང་ཚོ་དུས་ཚོད་ཉིན་མ་གཅིག་ཡར་མར་ཞིག་གཏོང་གི་ཡོད་རེད། དེའི་རྗེས་ལ་ལན་འདེབས་ཕེབས་ཀྱི་ཡོད་རེད། ད་ལྟའི་ཆར་ང་ཚོར་དུས་ཚོད་ཀྱི་ཐོག་ནས་དེ་ལ་བགྲོ་གླེང་ཡང་ཚད་ལྡན་ཞིག་བྱུང་ཐུབ་མ་སོང་། དེ་ཡིན་དུས་མ་འོངས་པར་ང་ཚོས་དུས་ཚོད་ཀྱི་ཐོག་ནས་བསམ་བློ་གཏོང་དགོས་རྒྱུ་ཞིག་དང་། བཀུར་འོས་སྤྱི་འཐུས་རྣམ་པ་ཡིན་ནའང་། ཡིག་ཆ་གང་ཡོད་པ་དེ་ལ་གཟིགས་ནས་དེའི་ཐོག་ནས་གནད་དོན་གླེང་སློང་དང་གསེད་བཀྲོལ་ཡག་པོ་ཞིག་གི་ཐོག་ནས་གནད་དོན་དེ་ཚོ་གསལ་པོ་བཟོ་ཐུབ་ན་དེ་དང་མཐུན་པའི་བཀའ་ཤག་གི་ལན་འདེབས་ཤིག་སླེབས་ཀྱི་རེད་པཱ། དེ་ནས་མ་འོངས་པར་ང་ཚོས་གོམ་པ་གང་འདྲ་སྤོ་དགོས་ཀྱི་འདུག དེ་ཚོའི་ཐོག་ལ་ཡང་ཁ་གསལ་པོ་ཡོང་བ་ཡིན་དུས་ཏན་ཏན་གྱིས་དགོངས་པ་བཞེས་དགོས་རྒྱུ་དེ་གལ་ཆེན་པོ་རེད་འདུག་ཅེས་དེ་འདྲ་ཞིག་ཞུ་རྒྱུ་ཡིན། དེ་ཡིན་དུས་ང་ཚོའི་ལས་རིམ་གཙོ་བོ་ཁག་དེ་འདྲ་ཆགས་བསྡད་ཡོད། དེ་ཡིན་དུས་དེ་རིང་ལས་རིམ་ནང་ཆ་ཤས་བཞེས་པའི་སྐབས་སུ་ཡིན་ནའང་མང་བ་ཞིག་གིས་ལུས་པོའི་རྣམ་འགྱུར་ཡིན་ནའང་འདྲ། གསུང་ཕྱོགས་ཡིན་ནའང་འདྲ། གང་གཟབ་གཟབ་འདྲ་ཞིག་གནང་སོང་། དེ་ཡིན་དུས་དེ་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མ་འོངས་པར་ཡིན་ནའང་གྲོས་གཞི་ག་རེ་ཕེབས་པ་ཡིན་ནའང་གྲོས་གཞི་དེ་དང་མཐུན་པའི་ཐོག་ནས་གླེང་སློང་བྱེད་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་རེད་འདུག དེ་ཡིན་དུས་ཚོགས་གཙོ་སྟངས་འཛིན་བྱེད་མཁན་ལའང་སྐུ་ངལ་ཡོང་གི་མི་འདུག རྣམ་པ་ཚོ་ཕར་ཚུར་གསུང་རྒྱུ་དེ་ཡིན་ནའང་སྐུ་ངལ་ཡོང་གི་མ་རེད་པཱ། དེ་ཡིན་དུས་གཅིག་གསུངས་ཚར་དུས་ལན་གཅིག་བསླེབ་ཀྱི་རེད་པཱ། དཔེར་ན། ང་ཚོས་རྡོ་གནམ་ལ་ཡར་གཡུགས་ན་ས་ལ་འཛག་གི་རེད་པཱ། དེ་ཡིན་དུས་ལན་ཞིག་བསླེབས་ཡོང་དུས་མཚམས་རེར་བཟོད་བསྲན་མ་ཐུབ་པའི་གནས་སྟངས་ཀྱི་ཐོག་ནས་གྲོས་ཚོགས་དེའི་གནས་ཚད་དེ་གང་འདྲ་ཆགས་ཀྱི་ཡོད་མེད་དེ་ཞུ་ཚོད་ཐིག་གི་མི་འདུག དེ་ཡིན་དུས་མ་འོངས་པར་དེ་ཚོའི་ཐོག་ལ་ཡིན་ནའང་ལས་རིམ་ནང་ལ་ཆ་ཤས་བཞེས་ཕྱོགས་ལ་ཡིན་ནའང་དགོངས་པ་བཞེས་དགོས་རྒྱུ་དེ་གལ་ཆེན་པོ་རེད་འདུག་ཅེས་འདི་གཅིག་ཞུ་རྒྱུ་ཡིན།
དེ་ག་ནང་བཞིན་དེ་རིང་ང་ཚོ་གྲོས་ཚོགས་ཀྱི་ནང་ལ་ད་ལྟ་འོས་བསྡུའི་འགན་འཛིན་འདེམས་ཐོན་བྱུང་ཡོད་རེད། དེ་ག་ནང་བཞིན་འདེམས་ལྷན་ཚོགས་མི་གཅིག་འདེམས་ཐོན་བྱུང་ཡོད་རེད། དེ་རིང་འདི་བརྒྱུད་ནས་འདེམས་ཐོན་བྱུང་མཁན་གཉིས་ཀ་ལ་འཚམས་འདྲི་ཞུ་རྒྱུ་དང་། མ་འོངས་པར་ལས་དོན་ཐམས་ཅད་ལམ་ལྷོངས་ཡོང་བར་ལ་སྨོན་འདུན་ཞུ་རྒྱུ་ཡིན།
དེ་ནས་བདེ་སྲུང་གི་ལས་བསྡོམས་དང་འབྲེལ་བའི་ཐོག་ནས་༸རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭའི་ཐོག་ནས་མི་གཅིག་གིས་བཀའ་མོལ་གསུང་ཕྱོགས་དང་འབྲེལ་བའི་ཐོག་ནས་དེའི་ཐོག་ལ་གླེང་སློང་མང་པོ་བྱུང་སོང་། དེ་ཡིན་དུས་དེ་སེམས་འཚབ་བྱེད་དགོས་རྒྱུ་ཞིག་རེད་འདུག དེ་འཛིན་སྐྱོང་གི་ཐོག་ནས་འགན་འཁུར་བཞེས་ཀྱི་ཡིན་གསུངས་སོང་། དེ་ཡིན་དུས་དེ་ཚོའི་གྲས་ཡིན་གཅིག་མིན་གཅིག་འགན་འཁུར་བཞེས་གནང་རོགས་གནང་ཞུ་རྒྱུ་ཡིན།
ང་ཚོར་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག ང་ཚོས་ནམ་རྒྱུན་བཤད་སྲོལ་ལ་བོད་པ་ཙམ་མ་རེད། འཛམ་གླིང་འདིའི་ཐོག་ལ་ལྟ་བའི་མིག་དང་ཁོག་པའི་སྙིང་ཆགས་བསྡད་ཡོད་རེད། དེ་ལ་བཀའ་དྲིན་ཡག་པོ་ཞིག་གསོ་མ་ཐུབ་ནའང་དྲིན་ལན་ལོག་འཇལ་འདྲ་པོ་ཞིག་ཆགས་བསྡད་ན། དེ་ཡག་པོ་ཁྱོན་ནས་ཡོད་མ་རེད་བསམ་གྱི་འདུག དེ་ཡིན་དུས་མ་འོངས་པར་བོད་པ་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་ཐུགས་གཟབ་གནང་དགོས་རྒྱུ་དེ་གལ་ཆེན་པོ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་ལྟ་དགུང་ལོ་བོད་པའི་ལུགས་ལྟར་བརྩིས་པ་ཡིན་ན། དགུང་ལོ་དགུ་བཅུ་ལ་ཕེབས་ཡོང་གི་ཡོད་རེད། ལོ་གཞུག་མར་ང་ཚོ་ཕྱི་ལུགས་བརྩིས་པ་ཡིན་ན་དགུང་ལོ་དགུ་བཅུ་ལ་ཕེབས་ཡོང་གི་ཡོད་རེད། དེར་བཀའ་ཤག་གི་ཐོག་ནས་གོ་སྟོན་དང་དེ་འདྲའི་ལས་འཆར་ཡོད་རེད། དེ་ཡིན་དུས་ང་ཚོ་གྲོས་ཚོགས་ཀྱི་ཐོག་ནས་དེ་ལ་དགོངས་པ་བཞེས་དགོས་རྒྱུའི་གནད་དོན་ཞིག་ཆགས་བསྡད་ཡོད་རེད། རྩ་བའི་འདྲ་ཡིན་ན། དེ་རིང་ང་ཚོར་དུས་ཚོད་འདང་པ་ཡིན་ན། དེ་རིང་བཞུགས་མོལ་ཚོགས་འདུ་ཞིག་འཚོགས་དགོས་རྒྱུའི་གནས་སྟངས་ཤིག་ཡོད། ཡིན་ནའང་། དུས་ཚོད་དེ་ཕྱི་པོར་ཐུག་ནས་སྤྱི་འཐུས་རྣམ་པ་ཚང་མ་སྐུ་མཉེལ་པ་ཡིན་དུས་དེ་ཡང་བྱུང་མ་སོང་། དེ་ཡིན་དུས་གཙོ་བོ་ངས་ཞུ་རྒྱུ་དེ་ག་རེ་ཡིན་ཞུས་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་མཆོག་སྐུ་ཚེ་ཞབས་པད་བརྟན་རྒྱུ་དང་། མགོན་པོ་གང་ཉིད་ཀྱི་མཛད་པ་འཕྲིན་ལས་དེ་ཡུན་གནས་ཡོང་རྒྱུར་ཚང་མས་ཐུགས་སྣང་ཡོང་ཐུབ་རྒྱུར་ང་ཚོས་ག་རེ་ཞུ་དགོས་ཀྱི་འདུག དེ་ཚོའི་གྲས་ཡིན་གཅིག་མིན་གཅིག་དགོངས་པ་བཞེས་དགོས་རྒྱུ་དེ་གལ་ཆེན་པོ་རེད་འདུག་ཅེས་ཞུ་རྒྱུ་ཡིན།
དེ་ག་ནང་བཞིན་ང་ཚོ་༸སྐྱབས་མགོན་རིན་པོ་ཆེའི་ཡང་སྲིད་དང་འབྲེལ་བའི་ཐོག་ནས་བཀའ་མོལ་བྱུང་སོང་། དེ་གནད་འགག་གལ་ཆེན་པོ་ཞིག་བརྩི་དགོས་རྒྱུ་དེ་རེད་འདུག བར་ལམ་ང་ཚོ་ལ་ཡང་གནས་ཚུལ་མང་པོ་ཞིག་འབྱོར་ཡོང་གི་འདུག རྒྱ་ནག་གི་ནང་ནས་གཞུང་འབྲེལ་གྱི་ཐོག་ནས་གྲ་སྒྲིག་བྱེད་ཕྱོགས། མཐའ་ན་༸སྐྱབས་མགོན་རིན་པོ་ཆེ་དགོངས་པ་རྫོགས་པའི་དུས་ཚོད་འདྲ་ཡོང་བ་ཡིན་ན། དེར་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་མི་ཆོག་པ་དེ་འདྲ་བོད་ནང་ལ་སྲིད་བྱུས་ཁྱབ་བསྒྲགས་གནང་བསྡད་ཀྱི་འདུག དེ་འདྲ་ཡིན་དུས་ཁོང་ཚོས་ཞེ་པོ་ཅིག་ཚ་ཚ་འུར་འུར་ཟེར་གྱི་མ་རེད་དམ། གང་ལྟར་གནས་སྟངས་དེའི་ཐོག་ལ་ཐུགས་སྣང་ཆེན་པོ་གནང་བསྡད་པའི་བཟོ་འདྲ་པོ་མཐོང་གི་འདུག དེ་ཡིན་དུས་ང་རང་ཚོོའི་ངོས་ནས་ཡིན་ནའང་། འཛིན་སྐྱོང་གིས་ཐུགས་འགན་བཞེས་ཀྱི་ཡོད་རེད། དེ་ནས་བཀུར་འོས་སྤྱི་འཐུས་རྣམ་པ་རེད། འབྲེལ་ཡོད་དགའ་ལྡན་ཕོ་བྲང་རེད། དེ་ཚོའི་ཐོག་ནས་༸སྐྱབས་མགོན་རིན་པོ་ཆེ་དགུང་ལོ་དགུ་བཅུར་ཕེབས་ཡོང་གི་ཡོད་རེད། མིའི་ཤ་ཁྲག་གི་ཐོག་ནས་ཕེབས་ཡོང་གི་ཡོད་རེད། ༸སྐྱབས་མགོན་རིན་པོ་ཆེ་ཡིས་ནམ་རྒྱུན་དཔལ་ལྡན་ལྷ་མོའི་བཀའ་ལུང་དང་། གཟིམ་ལམ་དེ་ཚོར་བལྟས་ཡོང་དུས། དགུང་ལོ་བརྒྱ་དང་བཅུ་ཕྲག་འགའ་ཤས་བཞུགས་རྒྱུ་དེ་འདྲའི་ཞལ་བཞེས་ཡོད་རེད། ཡིན་ན་ཡང་། ང་ཚོས་ཞལ་བཞེས་འདི་འདྲ་ཡོང་རྒྱུའི་གསོལ་འདེབས་སྨོན་ལམ་ཞུ་ཆོག་གི་རེད་དེ། ཡིན་ན་ཡང་། ང་ཚོས་རེ་བ་བཟང་ས་ནས་རྒྱག་རྒྱུ་དང་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་རྒྱུའི་གནས་སྟངས་དེ། ང་ཚོའི་སྤྱི་ཚོགས་ཀྱི་གནས་སྟངས་ཀྱི་ཐོག་ནས་མ་འོངས་པར་ང་ཚོའི་བྱེད་ཕྱོགས་དེ་ཚོ་གང་འདྲ་དགོས་ཀྱི་འདུག དེ་ཁ་གསལ་པོ་ཡོང་རྒྱུ་དང་། དེ་ལ་རྩོད་གཞི་མེད་པ། ཚད་དང་ལྡན་པ་ཡོང་རྒྱུར་ང་ཚོས་ཡིན་གཅིག་མིན་གཅིག་དགོངས་པ་བཞེས་དགོས་ཀྱི་འདུག་ཟེར་ནས་དེ་གཅིག་ཞུ་རྒྱུ་ཡིན།
དེ་བཞིན་ང་ཚོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་འགན་དབང་བསྐུར་བ་དེ། ངས་ནམ་རྒྱུན་གྲོས་ཚོགས་སྐབས་སུ་རྟག་པར་ཞུ་བསྡད་ཀྱི་ཡོད། འདི་ཡང་སེ་ཡང་སེ་ཞུ་དགོས་རྒྱུ་གལ་ཆེན་པོ་མཐོང་གི་ཡོད། གཙོ་བོ་དེ་གང་རེད་ཟེར་ན། ང་ཚོ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་བསྐུར་བ་དེ། བོད་དོན་བདེན་མཐའ་གསལ་ཐབས་དང་། བཙན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས་བདེ་ཐབས། གནས་སྐབས་སུ་གཞིས་ལུས་བོད་མིར་དཀའ་ངལ་མ་འཕྲད་པ་ཡོང་རྒྱུར་ང་ཚོར་ཐབས་ཤེས་ག་རེ་འདུག དེ་ཚོ་བྱེད་ཐུབ་དགོས་རྒྱུ་འདི་གལ་ཆེན་པོ་ཞེ་དྲག་ཆགས་ཀྱི་ཡོད་རེད། ང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བའི་གནས་སྟངས་ཆགས་ཀྱི་ཡོད་རེད། དེའི་ཐོག་ནས་ང་ཚོའི་འདོད་དོན་དེ་གསལ་ཐུབ་རྒྱུའི་ཐོག་ནས་དགོངས་པ་བཞེས་དགོས་པ་དེ་གལ་ཆེན་པོ་ཞེ་པོ་ཞིག་མཐོང་གི་འདུག ང་འདྲ་ཡིན་ན་ཚོགས་གཙོའི་མཚན་གནས་འཁུར་ནས་སྡོད་ཀྱི་ཡོད་རེད། དུས་རྒྱུན་དུ་ནས་བསམ་བློ་གཏོང་གི་ཡོད། ག་རེ་བྱེད་རྒྱུ་འདུག གང་འདྲ་ཞིག་བྱེད་དགོས་ཀྱི་འདུག་ཟེར་བ་ཞིག་ཡོད་རེད་པཱ། སྤྱི་འཐུས་རྣམ་པ་ཞེ་བཞི། ང་བརྩིས་པས་ཞེ་ལྔ་ཡོད་རེད། དེ་ཚོའི་ནང་ལོགས་ལ་ལས་དོན་གྱི་ཐོག་ནས་ཡར་ཚང་མས་མཉམ་ཞུགས་བྱེད་ཐུབ་རྒྱུའི་སྡིངས་ཆ་ག་རེ་འདུག ག་རེ་བྱེད་དགོས་ཀྱི་འདུག་ཟེར་ནས་ལས་འཆར་བཟོ་རྒྱུ་དང་དེ་འདྲ་མང་པོ་བྱེད་བཞིན་ཡོད། ཡིན་ན་ཡང་། སྤྱི་འཐུས་རྣམ་པ་བར་སྐབས་ཤིག་ནས་ལས་བྲེལ་གྱིས། ལས་ཀ་བྲེལ་བ་ཞེ་དྲག་འདུག དེ་ཡིན་དུས་ང་ཚོས་འདི་ནས་འཆར་གཞི་བཟོས་པ་ནང་བཞིན་མཉམ་ཞུགས་གནང་ཐུབ་ཀྱི་མི་འདུག དེ་ཡིན་དུས་འདི་ཚོའི་གྲས་ལ་མ་འོངས་པར་དགོངས་པ་བཞེས་དགོས་ཀྱི་འདུག་བསམ་གྱི་འདུག ང་ཚོས་དཀའ་ལས་རྒྱག་གི་ཡོད་རེད། སྐད་ཆ་བཤད་ཀྱི་ཡོད་རེད། རོགས་ཚོགས་མཉམ་དུ་བཀའ་མོལ་ཞུ་ཡི་ཡོད་རེད། གསུང་བཤད་གནང་མཁན་མཉམ་དུ་བཀའ་མོལ་ཞུ་ཡི་ཡོད་རེད། དེ་ལ་མང་པོ་ཞིག་འབྲེལ་བ་བྱས་ནས་གྲུབ་འབྲས་འདི་ཡོང་གི་འདུག་མ་གཏོགས། ལས་སླ་པོ་ཞིག་དང་ཡོང་གི་མི་འདུག དེ་ཡིན་དུས་དེ་ལ་མཉམ་ཞུགས་བྱེད་ཐུབ་དགོས་རྒྱུ་འདི་གལ་ཆེན་པོ་ཞེ་དྲག་རེད་འདུག དེ་ཡིན་དུས་མ་འོངས་པར་དེ་ཚོའི་ཐོག་ལ་ཡིན་ནའང་། བཀུར་འོས་སྤྱི་འཐུས་རྣམ་པས་འགན་ཁུར་བཞེས་ཐུབ་དགོས་རྒྱུ་འདི་གལ་ཆེན་པོ་རེད་འདུག ང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བའི་གནས་སྟངས་ཀྱི་ཐོག་ནས་ང་ཚོ་བོད་དོན་བདེན་མཐའ་གསལ་རྒྱུའི་ཐབས་ཤེས་འདི་ག་རེ་བྱ་རྒྱུ་འདུག འདི་ནུས་པ་དང་ལྡན་པ་ཞིག་ཡོང་བ་ཡིན་ན། རྒྱ་ནག་གི་ཐོག་ནས་ཡིན་ནའང་ང་ཚོས་བཀའ་མོལ་ཞུ་རྒྱུ་དང་དེ་འདྲའི་ལམ་ཀ་ཞིག་ཡོང་གི་རེད་བསམ་གྱི་འདུག རྒྱ་ནག་ནང་ལོགས་ལ་ཡིན་ནའང་ཆབ་སྲིད་ཀྱི་འགྱུར་བ་ཞེ་དྲག་འགྲོ་བཞིན་ཡོད་རེད། རྒྱལ་སྤྱིའི་སྤྱི་ཚོགས་ནང་ལ་ཆབ་སྲིད་ཀྱི་འགྱུར་བ་ཞེ་དྲག་འགྲོ་བཞིན་ཡོད་རེད། དེ་ཡིན་དུས་དེ་འདྲའི་ཐོག་ནས་ང་ཚོར་ཏན་ཏན་གོ་སྐབས་ཡོང་གི་རེད། གོ་སྐབས་ཡོང་རྒྱུར་ང་ཚོས་ཡིན་གཅིག་མིན་གཅིག་དེ་ལ་ནུས་པ་ཞིག་འདོན་དགོས་ཀྱི་རེད་བསམ་གྱི་འདུག ནུས་པ་ཁྱོན་ནས་མེད་ན། གོ་སྐབས་འདི་ཡོང་རྒྱུ་ཁག་པོ་ཞེ་དྲག་རེད། དེ་ཡིན་དུས་དེ་ཚོའི་གྲས་ལ་ང་ཚོས་སྡིངས་ཆ་གང་འདྲ་བཟོ་དགོས་ཀྱི་འདུག རྣམ་པ་ཚོའི་དགོངས་ཚུལ་ཕེབས་ནའང་འགྲིག་གི་རེད། ང་ཚོའི་ངོས་ནས་བསམ་བློ་གཏོང་གི་ཡོད་རེད། དེ་ཡིན་དུས་དེ་ཚོའི་ཐོག་ལ་ང་ཚོའི་བོད་དོན་བདེན་མཐའ་གསལ་ཐབས་དང་། བཙན་བྱོལ་སྤྱི་ཚོགས་ཀྱི་བདེ་ཐབས་ཀྱི་གནས་སྟངས་འདིའི་ཐོག་ནས་ལས་ཀ་ག་རེ་ཡིན་ནའང་དམིགས་ཡུལ་དེ་དང་འབྲེལ་བ་ཡོད་པ་ཞིག་ཡིན་གཅིག་མིན་གཅིག་དགོས་ཀྱི་འདུག་ཟེར་ནས་དེ་དགོངས་པ་བཞེས་དགོས་རྒྱུ་དེ་གལ་ཆེན་པོ་རེད་འདུག དེ་ཞུ་རྒྱུ་ཡིན།
དེ་ག་ནང་བཞིན་ང་ཚོའི་ཚོགས་འདུ་འདི་གྲོལ་བའི་རྗེས་སུ་བཀུར་འོས་སྤྱི་འཐུས་རྣམ་པ་ས་བགོས་ཕྱོགས་བསྐྱོད་ལ་ཕེབས་ཡོང་གི་ཡོད་རེད། ད་ལྟ་ང་ཚོ་ཕྱི་ཟླ་བཅུ་པ་བཅུ་གཅིག་ནང་ལ་ཕྱི་རྒྱལ་ཡུ་རོབ་ཁག་ལ་བོད་དོན་ཞུ་སྐུལ་གྱི་ལས་འཆར་བཟོས་ཡོད། དེ་ག་ནང་བཞིན་ལོ་འདིའི་ཕྱི་ཟླ་ ༡༢ ནང་ལ་ང་ཚོ་ལྡི་ལིར་སྤྱི་འཐུས་ཚང་མའི་ཐབས་བྱུས་ཚོགས་འདུ་ཞིག་བསྐྱར་དུ་འཚོགས་ཐུབ་ན་བསམས་ནས་ལས་འཆར་ཞིག་བཟོས་པ་ཡིན། NDI ཡི་རོགས་ཚོགས་ཀྱི་ཐོག་ནས་དེ་ཁོ་རང་ཚོས་མོས་མཐུན་བྱས་སོང་། དེ་ཡིན་དུས་སྐབས་དེ་དུས་བཀུར་འོས་སྤྱི་འཐུས་རྣམ་པ་ཆ་ཚང་ཞིག་ཕེབས་ཐུབ་རྒྱུར་རེ་བ་ཞུ་ཡི་ཡོད། དེ་ག་ནང་བཞིན་ཕྱི་རྒྱལ་གྱི་སྤྱི་འཐུས་རྣམ་པ་ལྔ་པོ་ཡིན་ནའང་ཕེབས་ཐུབ་ན། ང་ཚོས་རོགས་ཚོགས་ཀྱི་ཆ་ཤས་ནང་ལ་ང་ཚོས་བཟོ་ཡི་ཡོད། དེ་དང་མཉམ་དུ་མ་གིར་ཐབས་བྱུས་ཚོགས་འདུ་ཉིན་མ་གསུམ་ཙམ་དང་། དེའི་རྗེས་ལ་སྐབས་དེ་དུས་ཀྱི་རྒྱ་གར་གྲོས་ཚོགས་འཚོགས་རྒྱུའི་དུས་ཚོད་དང་བསྟུན་གྱི་ཡོད། དེ་ཡིན་དུས་རྒྱ་གར་གྱི་གྲོས་ཚོགས་ནང་ལ་ང་ཚོ་བོད་དོན་གྱི་ཐོག་ནས་ཡང་ཏོག་ཙམ་གོ་རྟོགས་སྤེལ་རྒྱུ་འདི་གལ་ཆེན་པོ་འདྲ་ཞིག་མཐོང་གི་འདུག དེ་ཡིན་དུས་ཞུ་སྐུལ་འདི་ཉིན་མ་གཅིག་གཉིས་གསུམ་གང་འདྲ་ཡོང་གི་འདུག འདི་ང་ཚོས་དུས་ཚོད་གཏན་འབེབས་བྱེད་ཀྱི་ཡིན་ཞེས་དེ་ཡིན་གཅིག་མིན་གཅིག་དགོངས་པར་འཇོག་རོགས་གནང་ཞུ་རྒྱུ་ཡིན། ཕལ་ཆེར་ཚོགས་གཙོའི་མཇུག་བསྡོམས་ཀྱི་གཏམ་བཤད་འདི་འདྲ་ཞིག་ཡིན།
ད་ལྟ་ང་ཚོའི་གྲོས་ཚོགས་ཚོགས་དུས་བརྒྱད་པ་སྐྱོང་བའི་སྐབས་སུ་བདེ་སྲུང་ལས་ཁུངས་རེད། དེ་ག་ནང་བཞིན་ཕྱི་དྲིལ་སྒྲ་བརྙན་སྡེ་ཚན། དཔལ་འབྱོར་ལས་ཁུངས་ཀྱི་ཀཾཔཱུ་ཊར་སྡེ་ཚན། ནང་སྲིད་ཀྱི་ས་ཁང་གློག་བཟོ་མཁན་རེད། དེ་ག་ནང་བཞིན་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་ཚང་མའི་ཐོག་ནས་ཕྱར་གྲུ་མཉམ་འདེགས་མཐུན་འགྱུར་ཆ་ཚང་ཞིག་ཞུས་སོང་། དེ་ཡིན་དུས་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་ཚོགས་གཙོ་གཉིས་ཀྱི་ཐོག་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོ་དེ་རིང་གྲོས་ཚོགས་འདི་གྲོལ་ནས་ཟླ་བ་དྲུག་གི་རྗེས་ལ་སྤྱི་པའི་ལས་དོན་ཐོག་ལ་སླར་ཡང་མཉམ་ཞུགས་ཡོང་རྒྱུའི་སྨོན་འདུན་ཞུ་ཡི་ཡོད།
མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་རླབས་ཆེན་ཐུགས་ཀྱི་དགོངས་བཞེད་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས་གནང་ཡོད་པ་བཅས།