༄༅། །འདི་གར་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༩ ཚེས་ ༡༣ རེས་གཟའ་པ་སངས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༠༠ པའི་ཐོག ཐའེ་ཝན་དུ་གནས་བཞུགས་ཆེན་པོ་ཧོར་ཡུལ་གྱི་གཞུང་ཚབ་གསར་པ་སྐུ་ཞབས་ (Gankhuyag TUMURBAATAR) མཆོག་དང་གཞུང་ཚབ་གཞོན་པ་དང་སྐད་བསྒྱུར་གཅིག་ལྕོགས་ལྕམ་ (Boldsaikhan ZOLZAYA) མཆོག་རྣམ་གཉིས་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་སུ་ཆེད་ཕེབས་ཀྱིས་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་མཉམ་དུ་ཆུ་ཚོད་གཅིག་རིང་མཛའ་རྩེའི་མཇལ་མོལ་ལྷོད་ལྷོད་བྱུང་ཡོད་པ་རེད།
ཐོག་མ་ཆེན་པོ་ཧོར་གྱི་གཞུང་ཚབ་ (Gankhuyag TUMURBAATAR) མཆོག་ནས་དེ་རེས་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་སུ་བཅར་ཐུབ་པར་དགའ་ཚོར་ཆེན་པོ་དང་། ལས་ཁུངས་སུ་འཛུལ་མ་ཐག་དྲི་ཞིམ་སྤོས་ཀྱི་ཁྱབ་པ་དང་། སྤྲོད་སྐྱིད་ལྡན་པའི་ཚོར་བ་དམིགས་བསལ་དེས་ཆུང་བྱིས་པའི་དུས་སུ་སྤོ་སྤོ་དང་རྨོ་རྨོ་མཉམ་དུ་འཚར་ལོངས་བྱུང་སྐབས་ཀྱི་དྲན་པ་སླར་གསོ་བྱུང་ལུགས་བརྗོད་པ་དང་འབྲེལ། བོད་དང་སོག་པོ་གཉིས་ལོ་རྒྱུས་ཐོག་ནས་མཛའ་བརྩེའི་སྤུན་མཆེད་ལྟ་བུའི་འབྲེལ་བ་ཡོད་པ་མ་ཟད། ཚང་མ་བོད་བརྒྱུད་ནང་བསྟན་ལ་དད་པ་བྱེད་མཁན་གཅིག་མཚུངས་ཡིན་སྟབས། ཕྱོགས་ཕན་ཚུན་དབར་ཆོས་དང་རིག་གཞུང་གང་ཅིའི་ཐད་འབྲེལ་བ་བྱུང་བའི་རེ་བ་ཡོད་ཅེས་གསུངས།
དེ་ནས་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ནས་སྐུ་ཚབ་མཆོག་ཐའེ་ཝན་དུ་གཞུང་ཚབ་ཀྱི་ཕྱག་ལས་སུ་ཕེབས་པར་འཚམས་འདྲི་དང་། དེ་རིང་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་སུ་ཆེད་དུ་ཕེབས་པར་དགའ་བསུ་ཆེན་པོ་ཡོད། གཞུང་ཚབ་མཆོག་ནས་བོད་སོག་གཉིས་དབར་ལོ་རྒྱུས་དང་ཆོས་ལུགས་གང་ཅིའི་ཐད་འབྲེལ་བ་གཏིང་ཟབ་མོ་ཡོད་གསུངས་པར་མོས་མཐུན་བརྒྱ་ཆ་བརྒྱ་ཞུ་རྒྱུ་དང་འབྲེལ། སྐུ་ཚབ་དོན་གཅོད་ལས་ཁུངས་ཐོག་མ་བཙུགས་ནས་ད་བར་གྱི་གནས་ཚུལ་གནད་བསྡུས་ངོ་སྤྲོད་དང་། ཐའེ་ཝན་དུ་བོད་བརྒྱུད་ནང་བསྟན་གྱི་གནས་སྟངས། བཙན་བྱོལ་གྱི་བརྒྱུད་རིམ་ནང་བོད་སོག་གཉིས་དབར་གྱི་འབྲེལ་ལམ། བོད་མིའི་སྒྲིག་འཛུགས་ཀྱི་གནས་བབ་དང་རྒྱལ་སྤྱིའི་ཐོག་བོད་དོན་ལ་རྒྱབ་སྐྱོར་གྱི་གནས་ཚད། དམིགས་བསལ་ཨ་རིའི་བོད་དོན་རྒྱབ་སྐྱོར་ཁྲིམས་ཡིག་སོགས་ངོ་སྤྲོད་རིམ་པ་ཞུས་རྗེས། ཕྱོགས་ཕན་ཚུན་གཉིས་དབར་ཆུ་ཚོད་གཅིག་ཙམ་རིང་མ་འོངས་ལས་དོན་བྱེད་ཕྱོགས་སྐོར་བཀའ་མོལ་ལྷོད་ལྷོད་ཞུས་ཡོད་པ་རེད།
ད་ཐེངས་ཀྱི་མཇལ་མོལ་དུ་དོན་ཁང་གི་དྲུང་ཆེ་མི་འགྱུར་གཡུ་སྒྲོན་ལགས་དང་། ལྟ་གྲུབ་སློབ་དཔོན་བསྟན་འཛིན་རྣམ་སྒྲོལ་རིན་པོ་ཆེ་མཉམ་ཞུགས་ཞུས་ཡོད་པ་མ་ཟད། མཇལ་མོལ་རྗེས་སུ་རིན་པོ་ཆེ་ནས་དོན་ཁང་གི་ཆོས་ཁང་དུ་ཆོས་མཇལ་འཁྲིད་པ་དང་། གཞུང་ཚབ་རྣམ་པ་གཉིས་ནས་མཆོད་མེ་སྤར་པ་བཅས་གྲུབ་རྗེས། སྐུ་ཚབ་དོན་གཅོད་ནས་སྒོ་ཕྱིའི་བར་དུ་ཕེབས་བསྐྱེལ་ཞུས་ཡོད་པ་དང་བཅས། །