༄༅། །འདི་གར་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༩ ཚེས་ ༢ ཉིན་རྒྱབ་ཆུ་ཚོད་ ༣ པ་ནས་ ༥ པའི་བར་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་མཆོད་ཁང་དུ་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་དང་ཐའེ་སྡོད་བོད་རིགས་ཚོགས་པ་གཉིས་ཐུན་མོང་གིས་མང་གཙོ་དུས་ཆེན་ཐེངས་ ༦༤ པ་སྲུང་བརྩི་ཟབ་རྒྱས་ངང་ཞུས་ཡོད།
དེ་ཡང་མཛད་སྒོའི་སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་རྗེ་བཙུན་བསྟན་འཛིན་རྒྱལ་མཚན་མཆོག་གདན་ཞུས་གནང་ཡོད། ཉིན་རྒྱབ་ཆུ་ཚོད་ ༢།༥༠ ཙམ་ལ་ཐའེ་ཝན་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དང་དོན་ཁང་གི་ལྟ་གྲུབ་རྒན་བསྟན་འཛིན་རྣམ་གྲོལ་རིན་པོ་ཆེ་རྣམ་གཉིས་གཙོས་པའི་ཐའེ་སྡོད་བོད་རིགས་ཚོགས་པའི་ཚོགས་གཙོ་དང་ཚོགས་གཞོན་བཅས་ནས་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་སྒོ་ཆེན་ཐོག་སྤོས་སྣེ་དང་མཇལ་དར་གྱིས་སྐུ་མགྲོན་གཙོ་བོ་ཕེབས་བསུ་སྣེ་ལེན་ཞུས་ཏེ་དོན་ཁང་གི་མཆོད་ཁང་དུ་གདན་འདྲེན་ཞུས་གནང་ཡོད།
མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་རྗེ་བཙུན་བསྟན་འཛིན་རྒྱལ་མཚན་མཆོག་དང་། ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་གཉིས་ནས་༧རྒྱལ་བའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་ཕུལ་རྗེས་མར་ཆེ་ཞལ་ཁ་ཕྱེ། དེ་ནས་ཚང་མས་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་འབུལ་གནང་ཡོད།
དེའི་རྗེས་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ལྟ་གྲུབ་རྒན་བསྟན་འཛིན་རྣམ་གྲོལ་རིན་པོ་ཆེ་ནས་བོད་རྒྱ་སྐད་ཡིག་གཉིས་ཐོག་མཛད་སྒོ་ངོ་སྤྲོད་དང་འབྲེལ་༧སྐྱབས་རྗེ་ཀུན་བདེ་གླིང་རིན་པོ་ཆེ་མཆོག་ངོ་སྤྲོད་བསྡུས་ཙམ་ཞུས་རྗེས། ཐའེ་སྡོད་བོད་རིགས་ཚོགས་པའི་ཚོགས་གཙོ་དཀོན་མཆོག་ལྷག་པ་ལགས་ནས་མང་གཙོ་དུས་ཆེན་སྲུང་བརྩི་དང་འབྲེལ་བའི་དགའ་བསུའི་གཏམ་བཤད་གནང་ཡོད་པ་དང་།
དེ་ནས་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ནས་རྒྱ་སྐད་ཐོག་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་བསྡུས་ཙམ་ངོ་སྤྲོད་ཞུས་གནང་རྗེས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱང་ཞུས་རྗེས་མཛད་སྒོའི་སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་རྗེ་བཙུན་བསྟན་འཛིན་རྒྱལ་མཚན་མཆོག་ནས་མང་ཚོགས་ལ་མང་གཙོའི་དུས་དྲན་དང་འབྲེལ་གལ་ཆེའི་བླང་དོར་བཀའ་སློབ་བཀའ་དྲིན་བསྐྱངས་གནང་རྗེས། སྐར་མ་ ༡༠ ཙམ་གྱི་བར་སེང་བཞག་པ་དང་། དེ་རྗེས་༧སྐྱབས་རྗེ་ཀུན་བདེ་གླིང་རིན་པོ་ཆེ་མཆོག་ནས་ཐའེ་བོད་དད་ལྡན་མང་ཚོགས་ལ་འཇམ་དཔལ་དབྱངས་ཀྱི་བསྟོད་པ་གང་བློ་མ་དང་བློ་སྦྱོང་ཚིག་བརྒྱད་མའི་བཀའ་ལུང་བཀའ་དྲིན་སྩལ་གནང་བ་དང་། ཐའེ་བོད་དད་ལྡན་མང་ཚོགས་རེ་རེ་ནས་རིན་པོ་མཆོག་ལ་མཇལ་ཁ་ཞུས་ཏེ་ཕན་ཚུན་ཆོས་འབྲེལ་གྱི་བགོ་བསྐལ་བཟང་པོ་ཐོབ་ཡོད་པ་རེད། ༧སྐྱབས་རྗེས་སྐུ་བདེ་གླིང་རིན་པོ་མཆོག་ནས་དོན་གཅོད་ལས་ཁུངས་སུ་སྟོན་པ་ཐུབ་པའི་དབང་པོའི་སྐུ་ཐང་ཞིག་གསོལ་སྩལ་གནང་སོང་།
མཛད་སྒོའི་མཛད་རིམ་ཆ་ཚང་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ངོ་དེབ་ (Tibet Religious Foundation of HH the Dalai Lama) ཐོག་ཐད་གཏོང་ཞུས་ཡོད་པ་བཅས། །