༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༩ ཚེས་ ༢༠ ཉིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་ཉིན་གྲངས་ ༤༥ རིང་ཆོས་སྡེ་ཁག་གི་གཞི་རིམ་སློབ་ཁྲིད་གནང་སྟངས་ཀྱི་ཟབ་སྦྱོང་ཐེངས་གཉིས་པ་ (2nd Training on Primary Teaching for Monastic Teachers) ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ལེགས་གྲུབ་བྱུང་ཡོད།
མཇུག་བསྡོམས་མཛད་སྒོའི་སྐབས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་ལགས་ནས་ཟབ་སྦྱོང་བ་རྣམས་ལ་ཕྱག་འཁྱེར་དང་སྦྲགས་ཟབ་སྦྱོང་ལེགས་གྲུབ་བྱུང་བར་འཚམས་འདྲི་ཞུས་ཡོད། ཟབ་སྦྱོང་བའི་སྐུ་ཚབ་འཐུས་མི་གཉིས་ནས་ཀྱང་དུས་ཀྱི་དགོས་མཁོ་དང་མཐུན་པའི་ཟབ་སྦྱོང་འདི་འདྲ་གོ་སྒྲིག་ཞུ་ཐུབ་པར་ཐུགས་རྗེ་ཆེ་ཞུ་དང་མ་འོངས་ཟབ་སྦྱོང་འདི་རིགས་སྔར་ལྷག་ཡོང་ཐབས་སླད་རང་ཉིད་ཀྱི་དགོངས་ཚུལ་དང་མྱོང་ཚོར་བརྗོད་ཡོད། དེ་བཞིན་རིག་གཞུང་ཚན་པའི་འགན་འཛིན་ནས་ཆོས་སྡེ་ཁག་ལ་ཟབ་སྦྱོང་འདི་རིགས་སྤེལ་དགོས་དོན་བོད་མིའི་ཆོས་ཚོགས་ཐེངས་ ༡༤ 14th Tibetan Religious Conference པའི་གྲོས་ཆོད་ཀྱི་དགོངས་དོན་ཙམ་མ་ཡིན་པར་ཆོས་རིག་ལས་ཁུངས་ཀྱི་ཕུགས་གྱང་རིང་པོའི་དམིགས་ཡུལ་ལྟར་ཆོས་སྡེ་ཁག་ནང་དེང་དུས་དང་མཐུན་པའི་སློབ་ཁྲིད་ཐབས་ལམ་གལ་ཆེ་རིགས་ལག་བསྟར་གནང་ཐུབ་ན་ཚར་ལོངས་བྱུང་བཞིན་པའི་སློབ་གཉེར་བ་རྣམས་ལ་ཕན་ཐོགས་ཆེན་པོ་ཡོང་ངེས་ལ་དམིགས་ཏེ་གོ་སྒྲིག་ཞུས་པའི་སྐོར་སོགས་གསུང་ཡོད།
ཉིན་གྲངས་ ༤༥ རིང་ཟབ་སྦྱོང་བ་རྣམས་ལ་ཤེས་ཡོན་སློབ་གསོ་རིག་པ། (Positive Classroom Management) སློབ་འཁྲིད་རིག་པ། (Teaching Pedagogy) སློབ་འཁྲིད་འཆར་གཞི་བཀོད་སྒྲིག (Lesson planning) སཱི་ཤེས་ཡོན། (SEE learning) སྐད་ཡིག་འཁྲིད་ཐབས། (Language teaching technique) སོགས་སློབ་འཁྲིད་གནང་བ་དང་། སློབ་གྲྭ་ཁག་ཏུ་སློབ་འཁྲིད་སྦྱོང་བརྡར་སྐོར་བསྐྱོད་ (exposure visit in schools) སོགས་ཀྱང་གནང་ཡོད།།