༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཆོས་རིག་དྲུང་ཆེ་ཧོན་སུར་ས་གནས་སུ་རྟེན་གཞི་བྱས་པའི་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཆོས་རིག་ལས་ཁུངས་དང་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་ཟུང་འབྲེལ་གྱི་གོ་སྒྲིག་འོག་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟླ་དྲུག་ཟབ་ཁྲིད་ཐེངས་ ༡༡ པ་ལ་གཟིགས་སྐོར་དུ་ཕེབས།
དེ་ཡང་ཕྱི་ལོ་ ༢༠༢༤ ཟླ་བ་ ༩ ཚེས་ ༡༥ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༧།༠༠ ནས་ ༧།༣༠ བར་སློབ་ཕྲུག་རྣམས་ཀྱི་ཉིན་རེའི་བྱེད་སྒོའི་ཆ་ཤས་སུ་ཞལ་འདོན་འཚོགས་བཞིན་ཡོད་པ་ལྟར། ཆོས་རིག་དྲུང་ཆེས་སློབ་ཕྲུག་རྣམས་དང་ལྷན་དུ་སྔ་དྲོའི་ཞལ་འདོན་ལ་མཉམ་ཞུགས་གནང་། ཆུ་ཚོད་ ༨།༠༠ ཐོག་ལ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མཁན་པོ་དགེ་བཤེས་ངག་དབང་སངས་རྒྱས་མཆོག་གི་དྲུང་དུ་མཚམས་མཇལ་ཞུས་ཅིང་། ཟླ་དྲུག་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟབ་ཁྲིད་དེ་ད་ལྟ་བར་དུ་ཚགས་ཚུད་ངང་འགྲོ་བཞིན་པ་དང་སློབ་ཕྲུག་མང་པོར་དགེ་མཚན་ཆེན་པོ་བྱུང་ཡོད་པས་གྲྭ་ཚང་གི་མཁན་པོས་གཙོས་པའི་ཕྱག་མཛོད་རིམ་བྱོན་དང་། སྒོས་སུ་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭའི་སློབ་སྤྱི་རིམ་བྱོན་དང་། དེ་བཞིན་དགེ་རྒན་དང་ལས་བྱེད་ཡོངས་ལ་ཆོས་རིག་ལས་ཁུངས་ཀྱི་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་གཅིག་ཟབ་ཁྲིད་དང་འབྲེལ་བའི་བཀའ་བསྡུར་གནང་། ཆུ་ཚོད་ ༨།༣༠ ཐོག་ལ་སློབ་ཁྲིད་འགོ་བཙུགས་པ་ལྟར་འཛིན་ཁང་དུ་གཟིགས་སྐོར་དུ་ཕེབས།
དེ་ནས་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭས་ཆུ་ཚོད་ ༡༠།༣༠ ནས་ ༡༡།༣༠ བར་དགེ་སློབ་རྣམས་བསྐོང་ཚོགས་ཀྱི་མཛད་རིམ་ཞིག་གོ་སྒྲིག་ཞུས་པ་ལྟར་། ཐོག་མར་༸རྒྱལ་བའི་བཞུགས་ཁྲི་རིན་པོ་ཆེར་སྐུ་ཕྱག་ཕུལ་ཅིང་མཎྜལ་རྟེན་དོད་དང་མཇལ་དར་ཕུལ་ཏེ། སློབ་ཕྲུག་རྣམས་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ལས་མཆེད་པའི་ཡ་རབས་བཟང་སྤྱོད་ཀྱི་གོམས་གཤིས་རྣམས་རང་རྒྱུད་ལ་འཇགས་ཐབས་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནས་བསྐུར་བའི་མི་རེ་ངོ་རེའི་འོས་འགན་སྒྲུབ་ཐུབ་མཁན་གྱི་བོད་མི་ཞིག་བྱེད་དགོས་པ་སོགས་ཀྱི་ལམ་སྟོན་གསུང་བཤད་གནང་གྲུབ་མཚམས་དགེ་སློབ་ཡོངས་དང་ལྷན་དུ་སྐུ་པར་སྒྲོན་ཏེ་གཟིགས་སྐོར་གྱི་ལས་རིམ་གྲུབ།ཟབ་ཁྲིད་དེའི་དམིགས་ཡུལ་གཙོ་བོ་ནི་སྤྱིར་བོད་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་དང་། ཡང་སྒོས་རང་རིགས་གཞོན་སྐྱེས་སྐྱ་བོ་ཕོ་མོ་རྣམས་ཀྱིས་ནང་པའི་གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་གོ་སྐབས་བསྐྲུན་ཕྱིར་ཡིན། དེ་ཡང་མཐོ་སློབ་ཐོན་པའི་བོད་རིགས་སློབ་ཕྲུག་ཁག་ཅིག་ལ་ཟླ་བ་དྲུག་རིང་གཞུང་ཆེན་བཀའ་པོད་ལྔའི་སྙིང་པོ་ངོ་སྤྲོད་དང་། རིགས་ལམ་སུམ་རྟགས་དག་ཡིག་བཅས་པ་སློབ་ཁྲིད་གནང་བཞིན་ཡོད། བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟླ་དྲུག་ཟབ་ཁྲིད་ཐེངས་ ༡༡ ནང་ཆོས་རིག་ལས་ཁུངས་སུ་ཞུ་སྙན་ཕུལ་ཏེ་མཉམ་ཞུགས་གནང་མཁན་སློབ་མ་ ༢༣ ཡོད་པ་དང་། ཟུར་སྦྱོང་གནང་མཁན་ཁོངས་མོན་རྟ་དབང་ནས་སློབ་ཕྲུག་དྲུག་དང་ཉི་ཧོང་ནས་གཉིས་བཅས་ཁྱོན་སློབ་མ་གྲངས་ ༣༡ བཅས་ཡོད།། །།