༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་དང་། སྤྱི་འཐུས་ཀུན་དགའ་བསོད་སྟོབས་ལགས་རྣམ་གཉིས་ཕྱི་ལོ་ ༢༠༢༤ ཟླ་བ་ ༨ ཚེས་ ༢༢ ནས་ ༢༦ བར་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་དེ་གའི་ས་གནས་འཐུས་ཚོགས་དང་། ས་གནས་འགོ་འཛིན། དེ་བཞིན་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་མི་རྣམས་ལ་ “ ས་གནས་འཐུས་ཚོགས་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་། ” གནང་རྒྱུའི་ཆེད་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་ཁེལ་ཡོད།
དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཚེས་ ༢༠ ཉིན་རྒྱལ་ས་ལྡི་ལི་ནས་ཧུབ་ལི་བརྒྱུད་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༢༢ ནས་ ༢༦ བར་ས་གནས་སུ་ལས་རིམ་བསྐྱང་རྒྱུ་ཡིན་པ་བཅས། །