༄༅། །འདི་གར་བྱང་ཨ་རི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༠༨ ཚེས་ ༢༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བྱང་ཨ་རིའི་བོད་མི་རྣམས་དང་། སོག་རིགས། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་ཐུན་མོང་ནས་ནིའུ་ཡོག་གྲོང་ཁྱེར་གྱི་ (UBS) རྩེད་འགྲན་ར་བར་མགོན་པོ་གང་ཉིད་མཆོག་སྐུ་ཚེ་ཡུན་དུ་བརྟན་ཆེད་མཚོན་དོན་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་གནས་མགྲོན་ཁང་ནས་ཚོགས་ཁང་དུ་༸ཞབས་སོར་འཁོད་སྐབས་རྟེན་འབྲེལ་ཕྱེ་མར་ཆང་འཕུད་འདེགས་འབུལ་གྱིས་ཕེབས་བསུ་གཟབ་རྒྱས་ཞུས་གྲུབ་མཚམས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་། སྐབས་དེར་ཁོང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཞབས་པུས་སྨན་བཅོས་ལེགས་གྲུབ་བྱུང་རྗེས་བྱང་ཨ་རིའི་བོད་རིགས་གཙོས་པའི་དད་ལྡན་པ་རྣམས་ལ་བཀའ་ཆོས་བཀའ་དྲིན་སྩལ་རྒྱུའི་བཀའ་བཞེས་བཟང་པོ་གནང་བར་བཀའ་དྲིན་རྗེས་དྲན་ཞུས་པ་དང་འབྲེལ། མགོན་པོ་མཆོག་སྐུ་ཚེ་ཡུན་རིང་བརྟན་ཆེད་མཚོན་དོན་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་སྐལ་བཟང་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུས། དེ་མ་ཟད་སྐུ་ཚབ་དོན་གཅོད་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྨན་བཅོས་གནང་མཁན་སྨན་པ་རྣམ་པ་དང་། ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་བདེ་འཇགས་ཞབས་ཞུ་གཙོས་པའི་རྒྱབ་སྐྱོར་ཕན་གྲོགས་གནང་མཁན་ཡོངས་དང་། ལྷག་པར་ཐེངས་འདིའི་བཀའ་ཆོས་དང་བརྟན་བཞུགས་གོ་སྒྲིག་གནང་མཁན་ཚོགས་པ་ཁག་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད། དེ་རྗེས་ནིའུ་ཡོག་དང་ནིའུ་ཇར་སི་ཁུལ་གྱི་བོད་ཕྲུག་གྲངས་ ༤༠༠ ཙམ་ནས་མགོན་པོ་མཆོག་ལ་བསྟོད་དབྱངས་འབུལ་ལམ་ཞུས་གྲུབ་བསྟུན། མགོན་པོ་གང་ཉིད་མཆོག་ནས་དེར་འདུས་སེར་སྐྱ་དད་ལྡན་མང་ཚོགས་ལ་བཀའ་སློབ་ལམ་སྟོན་དང་ཆོས་འབྲེལ་བཀའ་དྲིན་སྩལ་བ་དང་ཆབས་ཅིག བརྟན་བཞུགས་བསྟར་འབུལ་ཞུས་ཡོད། སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་ཚོགས་ལ་བཀའ་སློབ་སྩལ་དོན། དེ་རིང་འདིར་བོད་ཀྱི་མདོ་སྟོད་སྨད་དབུས་གཙང་སོགས་བོད་ཀྱི་ས་ཁུལ་ཡོངས་རྫོགས་ཀྱི་མི་སྣ་འཛོམས་ཡོད། འདིར་མི་སྣ་འཛོམས་པ་དེ་རྒྱུ་དངོས་པོའི་ཐོག་ནས་འཛོམས་པ་མ་རེད། ཚང་མས་སེམས་ནང་བོད་རིགས་ཞེས་པའི་བསམ་ཚུལ་གྱི་ཐོག་ནས་ང་ཚོ་ཚང་མ་རྡོག་སྒྲིལ་ནས་ཡོང་གི་ཡོད། ང་ཚོ་བོད་པ་ཙམ་མིན་པར་བོད་ཀྱི་ཆོས་དང་རིག་གཞུང་ལ་ཤེས་ནས་དད་པ་ཐོབ་པའི་གྲོགས་པོ་མང་པོ་ཞིག་འདིར་འདུས་ཡོད། ཚང་མས་བོད་ཀྱི་རིག་གཞུང་འདི་འཛམ་གླིང་སྤྱི་ལ་མཁོ་བའི་རིག་གཞུང་ཞིག་ཆགས་ཡོད། སངས་རྒྱས་བཅོམ་ལྡན་འདས་མངོན་པར་རྫོགས་པའི་སངས་རྒྱས་པའི་རྗེས་སུ། ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་གསུངས་པ་རེད། གང་ལྟར་སངས་རྒྱས་བཅོམ་ལྡན་མྱ་ངན་ལས་འདས་རྗེས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ལ་སྤུས་དག་པོའི་ཐོག་ཆ་ཚང་བདག་པོ་རྒྱག་མཁན་གཙོ་བོ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་བོད་རིགས་ཚོ་རེད་འདུག དེང་སྐབས་ང་ཚོས་དངོས་སུ་མཐོང་ཆོས་སུ་ཡོད་པ་དེ་རེད། དངོས་གནས་དྲང་གནས་བོད་གངས་ཅན་ལྗོངས་ཀྱི་སློབ་གཉེར་གཙོ་བོ་ཚིག་གི་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་དང་། དོན་དག་ལ་བསམ་བློ་གཏོང་རྒྱུ་ཡོད་པ། སོ་སོ་རང་གི་ཉམས་ལེན་གྱི་ཐོག་ནས་བསམ་བློ་གཏང་ན་བསླབ་པ་གསུམ་གྱི་ཐོག་ལ་ཉམས་ལེན་བྱ་རྒྱུ་ནི་ང་ཚོ་བོད་པར་ལོ་ངོ་སྟོང་ཕྲག་རིང་གོམས་ཏེ་སྤུས་དག་པོ་ཆགས་ཡོད། ངོས་རང་ལ་ཆ་བཞག་ན་ཆུང་ངུ་སྐབས་ནས་བོད་གངས་ཅན་ལྗོངས་ཀྱི་མཁས་དབང་ཡོངས་འཛིན་རྣམ་པའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་དཔེ་ཆ་བལྟས་པ་རེད། ཆུང་དུས་དཔེ་ཆ་བལྟས་པ་དེ་ན་ཚོད་ཏོག་ཙམ་ལོན་པའི་སྐབས་དེ་དག་དངོས་གནས་ཚིག་བཟང་བ་དང་། དོན་རྒྱ་ཆེན་པོ་ཡོད་པ་གཞི་ནས་ངོས་འཛིན་ཡོང་གི་འདུག བོད་གངས་ཅན་ལྗོངས་ཀྱི་དབུས་གཙང་། མདོ་སྟོད་སྨད་ཀྱི་ས་ཁུལ་ཚང་མར་བོད་ཀྱི་སྲོལ་རྒྱུན་ཐོག་སངས་རྒྱས་པའི་ཆོས་སྐོར་ལ་གོམས་གཤིས་དང་སློབ་གཉེར་གནང་གི་ཡོད་པ་རེད། བར་སྐབས་རྐྱེན་ངན་མང་པོ་འཕྲད་ཡོད་ཀྱང་གཙོ་བོ་བོད་རྒྱ་ཆེའི་མི་མང་གི་སྙིང་སྟོབས་དང་ལྷག་བསམ་འགྱུར་བ་མེད་པར་བསྡད་པ་རེད། ངོས་ལ་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཞེས་བོད་རྒྱ་ཆེའི་མི་མང་གིས་རེ་བ་བཅོལ་ས་བྱེད་བསྡད་ཡོད། ད་ལྟ་བར་དུ་བོད་རྒྱ་ཆེ་མི་མང་གི་གནས་སྐབས་དང་མཐར་ཐུག་གི་རེ་འདུན་གང་ཡོད་ཀྱང་། ངོས་ཀྱིས་ཁ་ཞེ་གཉིས་མེད་སྟེང་རེ་འདུན་འགྲུབ་ཐུབ་པའི་སྨོན་ལམ་བརྒྱབ་ཡོད་པ་མ་ཟད། ལག་ལེན་གྱི་ཐོག་ནས་ཁ་ཡོད་ལག་ཡོད་ཆགས་ཐུབ་པར་འབད་བརྩོན་བྱས་ཡོད། ངོས་ཀྱིས་ཧུར་ཐག་འབད་ཐག་བྱས་པ་ཡིན། ངོས་ཀྱི་མི་ཚེ་ལོ་བརྒྱ་ལྷག་རིང་སྡོད་ཀྱི་རེད། ངོས་ཀྱིས་བོད་རྒྱ་ཆེ་མི་མང་གི་རེ་འདུན་འགྲུབ་ཐུབ་པ་བྱ་རྒྱུ་ཡིན། ངོས་ཀྱི་རྨི་ལམ་ལ་དཔལ་ལྡན་ལྷ་མོ་ངོས་ཀྱི་མཇིང་པའི་སྟེང་དུ་ཕེབས་ཏེ། ལོ་བརྒྱ་དང་སུམ་ཅུ་སོ་གྲངས་ཤིག་འཚོ་ཡི་རེད་ཅེས་གསུངས་བྱུང་།
ད་ལྟ་བོད་ཆོལ་ཁ་གསུམ་གྱི་གཞིས་ལུས་རྒྱ་ཆེ་མི་མང་གི་སེམས་ཤུགས་ཧ་ལས་པ་རེད། བར་སྐབས་རྐྱེན་མང་པོ་འཕྲད་ཡོད་ཀྱང་། ཆོལ་ཁ་གསུམ་གྱི་བོད་རིགས་ཟེར་བ་བློ་ལ་གཡོ་བ་མེད་པར་དད་པ་རྩེ་གཅིག་ཡིན་པ་མངོན་གསལ་དོད་པོ་རེད། འཛམ་གླིང་དུ་བོད་ཀྱི་གནས་ཚུལ་གསལ་པོ་ཆགས་དུས། ནང་ཆོས་དང་འབྲེལ་བ་མེད་པའི་གྲོགས་པོ་མང་པོ་ཞིག་བོད་ཀྱི་ཆོས་དང་། རིག་གཞུང་། གོམས་གཤིས་སོགས་ལ་དགའ་མོས་བྱེད་ཀྱི་འདུག རྒྱ་མི་གུང་ཁྲན་གྱིས་བོད་པར་མཐོང་ཆུང་ཁྱད་གསོད་བྱེད་ཀྱི་ཡོད་ཀྱང་། རིམ་བཞིན་དུས་ཚོད་ཕྱིན་པའི་སྐབས་སུ་རྒྱ་རིགས་ནང་གི་དཔོན་རིགས་མང་པོ་ཞིག་གིས་ཀྱང་བོད་ཀྱི་གོམས་གཤིས་ལ་དགའ་མོས་བྱེད་ཀྱི་འདུག དེ་ནི་ང་ཚོའི་ལྷག་བསམ་གྱི་སྟོབས་ཤུགས་རེད། ད་ལྟ་བར་དུ་ཚང་མས་ཧུར་ཐག་བྱས་པ་རེད། ད་དུང་ཡང་ཧུར་ཐག་བྱེད་རོགས། བར་སྐབས་བསྟན་པར་ཧ་ཅང་ཉམས་ཆག་བྱུང་བ་རེད། ཡིན་ནའང་རྐྱེན་ངན་གྲོགས་སུ་ཤར་བ་བཞིན་འཛམ་གླིང་གི་ས་ཆ་གང་སར་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་གསར་པ་སླེབ་རྒྱུ་ཞིག་དང་། བོད་མི་རྣམས་ལ་སྙིང་ནས་ཤ་ཚ་དང་རྒྱབ་སྐྱོར་ཡོང་བཞིན་འདུག དེ་རིང་སྐབས་སུ་བབ་པ་བོད་རིགས་མང་པོ་ཞིག་ས་ཁུལ་འདིར་རུབ་རུབ་གནང་འདུག ངོས་ཀྱིས་ལྷ་མོའི་ལུང་བསྟན་བཞིན་ཧུར་ཐག་བྱས་པ་ཡིན། ད་དུང་ཡང་ལོ་བཅུ་ཕྲག་ཁ་ཤས་མུ་མཐུད་ནས་འབད་བརྩོན་བྱེད་ཐུབ་ཀྱི་རེད། ཁྱེད་རང་ཚོས་ཀྱང་བོད་ཀྱི་ཆོས་དང་རིག་གཞུང་གིས་འཛམ་གླིང་སྤྱི་ལ་ཕན་ཐོགས་བྱེད་ཐུབ་པའི་སེམས་ཤུགས་དང་སྙིང་སྟོབས་བསྐྱེད་དེ་ཧུར་ཐག་བྱེད་ཤོག་ཨང་།
མདོ་སྨད་པ་ལྷ་མོ་དོན་གྲུབ་ཀྱིས་འགོ་ཁྲིད་ནས་བསྡད་ཡོད་པ་རེད། ཚང་མས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག བོད་ཆོལ་ཁ་གསུམ་གྱི་བོད་རིགས་ཡོངས་ནས་དངོས་གནས་སྤྱི་མོས་དགའ་ཞེན་འགྱུར་བ་མེད་པ་ཧ་ཅང་ཡག་པོ་རེད་འདུག བོད་ཀྱི་ཉེ་འདབས་ལ་དྭགས་སོགས་ནས༧གོང་ས་ཏཱ་ལའི་བླ་མ་ཟེར་དུས་སྙིང་ཁོང་རུས་པའི་གཏིང་ནས་དགའ་མོས་ལ་འགྱུར་བ་མེད་པར་བསྡད་ཡོད་པ་རེད། དགའ་ཞེན་བྱེད་ས་དེ་བོད་ཀྱི་རིག་གཞུང་རེད། བོད་པའི་རིག་གཞུང་ཟེར་དུས་སྤྱིར་བཏང་གི་ཡུལ་སྲོལ་གོམས་གཤིས་གཅིག་པུ་མ་རེད། སངས་རྒྱས་ཀྱི་ཆོས་རྒྱ་ཆེ་མུ་མེད་ཡོད་པའི་བཀའ་འགྱུར་པོ་ཏི་བརྒྱ་དང་བསྟན་འགྱུར་པོ་ཏི་ཉིས་བརྒྱ་ཙམ་ཡོད་པ་དེ་དག་གི་དོན་བོད་པ་ཚོས་མི་རབས་མང་པོར་སྦྱངས་ཏེ་རྒྱུད་དང་འབྲེལ་བ་བྱས་ནས་སངས་རྒྱས་པའི་ཆོས་བོད་གངས་ཅན་ལྗོངས་ན་ཡོད་པ་འདི་ཕལ་ཆེར་རྒྱ་ཆེ་ཤོས་དང་ཟབ་ཤོས་ཤིག་རེད་འདུག དེ་ལྟ་བུ་སངས་རྒྱས་པའི་ཆོས་ལ་བར་སྐབས་རྐྱེན་ངན་མང་པོ་བྱུང་ཡོད། འོན་ཀྱང་ཕྱོགས་གཅིག་ནས་རྐྱེན་ངན་གྲོགས་ཤར་ལྟར་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་གསར་པ་བསླེབས་ཡོད། བོད་རིགས་རྣམས་ལ་སེམས་ཤུགས་གསར་པ་བསྐྱེད་ཡོད། བོད་མི་ཚོས་ད་ལྟ་བར་ཧུར་ཐག་འབད་ཐག་བྱས་ཡོད།ད་དུང་མུ་མཐུད་བྱེད་རོགས། ང་ཚོས་ངོ་ཤེས་ཆོས་གྲོགས་ཚོས་ཀྱང་ཧུར་ཐག་འབད་ཐག་བྱས་པ་ཡག་པོ་རེད། བོད་པར་སྙིང་ཐག་པ་ནས་ཤ་ཚ་དང་ཞེན་ཁོག་འགྱུར་བ་མེད་པར་བསྡད་པ་རེད། ངོས་ཀྱིས་གྲོགས་པོ་ཚང་མར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
དེ་ནས་འདིར་བོད་རིགས་མང་པོ་ཞིག་འདུས་ཡོད་སྟབས། ཆོས་འབྲེལ་སྟབས་བདེ་ཞིག་བྱུང་ན་ཞེས་ཁྱོད་ཚོས་རེ་འདུན་གནང་བ་བཞིན་སྔོན་དུ་ཡན་ལག་བདུན་པ་འདོན་པ་ལ།མདུན་དུ་དམིགས་རྣམ་བསྐྱང་དགོས། སྔོན་ངོས་ལ་རྨི་ལམ་གསལ་པོ་ཞིག་བྱུང་། དེ་ཡང་ས་ཆ་ཚོགས་ཁང་འདི་ལྟ་བུ་ཞིག་ལ། ང་གཤམ་དུ་བསྡད་འདུག དབུས་དེར་སྟོན་པ་ཐུབ་པའི་དབང་པོ་བཞུགས་འདུག སྟོན་པ་ཐུབ་པའི་དབང་པོས་ང་ལ་ཡར་ཤོག་གསུངས། སྐབས་དེར་ངོས་ཀྱི་སེམས་ལ་ཡིད་འགུལ་ཚད་མེད་ཐེབས་བཞིན་པའི་ངང་ནས་སྟོན་པའི་སྐུ་མདུན་དུ་བཅར་བར་སྟོན་པས་འདིར་སྡོད་ཅེས་འཁྲིས་དེར་ཉར་གནང་ནས་ང་ལ་ཧ་ཅང་འཆམ་པོ་གནང་བྱུང་། སྐྱབས་སུ་མཆི། ངོས་ལ་སྟོན་པར་འབུལ་བ་ཕུལ་རྒྱུ་གང་ཡང་མི་འདུག ཅོག་ལེ་ཌི་ཁ་ཤས་ཤིག་ཡོད་པ་ཕུལ་བས་བཅོམ་ལྡན་འདས་ཧ་ཅང་མཉེས་པོ་གནང་སོང་། རྨི་ལམ་དེ་ལྟར་ཧ་ཅང་གསལ་པོ་ཞིག་བྱུང་། ངོས་ནས་དུས་ད་ལྟ་བར་དུ་སྟོན་པའི་ཞབས་འདེགས་གང་འཚམས་བསྒྲུབས་ཡོད། མ་འོངས་པར་ཡང་དཔལ་ལྡན་ལྷ་མོའི་ལུང་བསྟན་ནང་བཞིན་ལོ་བཅུ་ཕྲག་གཉིས་གསུམ་རིང་བསྟན་པའི་བྱ་བ་བྱེད་རྒྱུར་ཕལ་ཆེར་ཚོག་ཐིག་པོ་ཞིག་འདུག་པ་བཞིན། ངའི་ངོས་ནས་ཧུར་ཐག་བྱེད་ཀྱི་ཡིན། ཁྱོད་རང་ཚོ་བོད་རིགས་ཚང་མས་ཧུར་ཐག་བྱོས་ཤོག
དེ་བཞིན་ང་ཚོའི་ངོ་ཤེས་ཕྱི་རྒྱལ་གྱི་གྲོགས་པོ་དེ་སྔ་བོད་ཀྱི་ཆོས་དང་རིག་གཞུང་ལ་འབྲེལ་བ་མེད་ཀྱང་བར་སྐབས་བོད་ཀྱི་ཆོས་དང་རིག་གཞུང་ལ་དམིགས་བསལ་དོ་སྣང་དང་དགའ་མོས་བྱེད་མཁན་མང་ཐག་ཡོད་པ་རེད། དེང་སང་ནང་པའི་ཆོས་འདི་འཛམ་གླིང་སྤྱིའི་ཆོས་ལུགས་ཀྱི་གྲས་ཕལ་ཆེར་ཆགས་ཀྱི་འདུག དེ་སྔ་ཡིན་ན་ང་ཚོའི་དབུས་ཀྱི་ས་ཁུལ་རྐྱང་རྐྱང་ཞིག་རེད། བར་སྐབས་དོ་སྣང་གསར་པ་དེ་འཛམ་གླིང་གང་སར་ཁྱབ་ཡོད། རྒྱ་ནག་རང་ལ་ཆ་བཞག་ནའང་བོད་ཀྱི་ནང་ཆོས་ལ་དོ་སྣང་ཆེ་རུ་ཕྱིན། བོད་ཀྱི་ཆོས་དེ་རིགས་པས་སྒྲུབ་རྒྱུ་ཡོད་པ་ཞིག་ཏུ་མཐོང་སྐབས་ཚང་མས་དགའ་པོ་བྱེད་ཀྱི་འདུག བོད་རང་ལ་མཚོན་ན་བསྟན་པར་ཧ་ཅང་ཉམས་ཆག་ཆེན་པོ་ཕྱིན་པ་རེད་དེ་ད་བར་ང་ཚོས་ཉམས་པ་སོར་ཆུད་ཡོང་ཐབས་སུ་ཧུར་ཐག་བྱས་པ་རེད་ལ། ད་དུང་ཡིན་ནའང་ཚང་མས་ཧུར་ཐག་བྱེད་རོགས།
ངོས་རང་སྒེར་ལ་མཚོན་ན་ཆོས་ལ་ངོ་རྒོལ་བྱེད་མཁན་དང་ཆོས་ལ་སྐུར་བ་འདེབས་མཁན། ཆོས་པ་འདྲ་མི་འདྲ་དེ་འདྲ་མཐོང་མྱོང་བར་གཞིགས་ན་བོད་ཀྱི་སངས་རྒྱས་ཀྱི་ཆོས་དེ་སྤུས་དག་ཤོས་ཤིག་རེད་འདུག རྒྱུ་མཚན་དང་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་ཞིག་ཆགས་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་བ་དང་། དེ་ནས་ཐུབ་པའི་མཚན་སྔགས་དང་མ་ཎི་ཡིག་དྲུག སྒྲོལ་མའི་གཟུངས་སྔགས་སོགས་གཟུངས་སྔགས་འགའི་བཟླས་ལུང་གནང་ཡོད།བརྟན་བཞུགས་གྲུབ་མཚམས་བྱང་ཨ་རིའི་སྐུ་ཚབ་དོན་ཁང་གི་རྩིས་པ་ནས་ཐེངས་འདིའི་བཀའ་ཆོས་དང་བརྟན་བཞུགས་སྐབས་ཀྱི་རྩིས་ཁྲ་བསྡུས་པ་སྒྲོགས་སྦྱང་ཞུས་ཡོད་པ་རེད། བཀའ་ཆོས་སྐབས་བོད་རིགས་དང་། སོག་རིགས། རྒྱ་རིགས། ཐའེ་ཝན། ཨ་རི་གཙོས་པའི་འཛམ་གླིང་ས་ཁུལ་འདྲ་མིན་ནས་དད་ལྡན་ཆོས་ཞུ་བ་ཆིག་ཁྲི་བདུན་སྟོང་ཙམ་ལྷན་ཞུགས་གནང་ཡོད་པ་དང་། དེའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཟུར་པ་དང་། བཀའ་བློན་ཁྲི་ཟུར། སྲིད་ཟུར། བཀའ་ཟུར། སྤྱི་ཟུར། དྲུང་ཆེ་ཟུར་པ། གཞུང་ཞབས་ཟུར་པ། བོད་མི་མང་སྤྱི་འཐུས་ཁག་ཅིག་ཀྱང་ལྷན་ཞུགས་གནང་ཡོད།
སྤྱིར་དེ་སྔོན་ཕྱི་ཚེས་ ༡༨ ནས་ ༢༡ བར་བྱང་ཨ་རིའི་སྐུ་ཚབ་དོན་ཁང་གི་འབོད་སྐུལ་ཞུས་པ་ལྟར། ཨ་རིའི་ཆོ་འཕྲུལ་སྨོན་ལམ་ཚོགས་པའི་འགོ་ཁྲིད་འོག བརྟན་བཞུགས་ཀྱི་སྔོན་འགྲོའི་ཚེ་སྒྲུབ་ཀྱི་ཞབས་རིམ་གསོག་སྒྲུབ་གནང་ཡོད་པ་བཅས།།