༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༧ ཚེས་ ༢༩ ནས་ཕྱི་ཟླ་ ༨ ཚེས་ ༢ བར་ཉིན་གྲངས་ལྔའི་རིང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་བརྡ་ཆད་ཚན་པའི་གོ་སྒྲིག་འོག་ཤེས་རིག་ལྷན་ཚོགས་ཁང་དུ་ཆེས་མཐོའི་བརྡ་ཆད་གཏན་འབེབས་ལྷན་ཚོགས་ཐེངས་སུམ་ཅུ་སོ་བདུན་པ་བསྐྱངས་ཡོད།
དེ་ཡང་སྐབས་དྲུག་པའི་ཆེས་མཐོའི་བརྡ་ཆད་གཏན་འབེབས་ལྷན་ཚོགས་ཀྱི་ཚོགས་མིའི་ལས་ཡུན་ལོ་གསུམ་གཙང་བ་དང་། ཉེ་ལམ་བཀའ་ཤག་ནས་གསར་དུ་བསྐོ་གཞག་གནང་བའི་སྐབས་བདུན་པའི་ཆེས་མཐོའི་བརྡ་ཆད་གཏན་འབེབས་ལྷན་ཚོགས་ཀྱི་ཚོགས་མི་རྣམས་དངོས་སུ་ཆེད་ཕེབས་ཀྱིས་ཞོགས་པ་ཆུ་ཚོད་ ༩ ཐོག་རྟེན་འབྱུང་གསོལ་ཇ་འབྲས་སིལ་འདེགས་འབུལ་གྱིས་བརྡ་ཆད་ཚན་པའི་འགན་འཛིན་ལས་ཚབ་དྲུང་ལས་བསྟན་འཛིན་རབ་རྒྱས་ནས་གཏན་འབེབས་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པ་ངོ་སྤྲོད་དང་སྦྲགས་གློག་སྟོན་བརྙན་རིས་བརྒྱུད་བརྡ་ཆད་ཚན་པའི་ལས་དོན་བྱེད་ཕྱོགས་སྐོར་ངོ་སྤྲོད་ཞུས། དེ་རྗེས་སྐབས་བདུན་པའི་གཏན་འབེབས་ལྷན་ཚོགས་ཀྱི་ཚོགས་གཙོ་ཆོས་རིག་དྲུང་འཕར་ཀུན་དགའ་རྒྱལ་མཚན་ལགས་ནས་ཐ་སྙད་གཏན་འབེབས་གནང་ཕྱོགས་དང་འབྲེལ་བའི་གསུང་བཤད་གནང་སྟེ་སྐབས་བདུན་པའི་ཆེས་མཐོའི་བརྡ་ཆད་གཏན་འབེབས་ལྷན་ཚོགས་ཀྱི་ཚོགས་འདུ་དངོས་སུ་འགོ་འཛུགས་ཞུས་ཡོད། ཚོགས་འདུའི་ཉིན་གཉིས་པར་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཆེད་ཕེབས་ཀྱིས་སྐབས་བདུན་པའི་ཆེས་མཐོའི་བརྡ་ཆད་གཏན་འབེབས་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པས་ཤེས་རིག་ལས་ཁུངས་ནས་རེ་འདུན་ཞུས་པ་བཞིན་ཚོགས་མིར་ངོ་བཞེས་གནང་བར་ཐུགས་རྗེ་ཆེ་ཞུ་དང་སྦྲགས། བརྡ་ཆད་ཚན་པ་དེ་བཞིན་ཐོག་མར་ལས་གཞི་ཞིག་གི་ངོ་བོའི་ཐོག་ནས་འགོ་འཛུགས་གནང་སྐོར་དང་། ད་བར་ཤེས་རིག་ལས་ཁུངས་ནས་ཚན་པའི་ལས་དོན་ཐོག་འབད་འབུངས་ཇི་གནང་། བརྡ་ཆད་གཅིག་གྱུར་ཡོད་སླད་ཀྱི་དགོས་དམིགས་གཞིར་བཟུང་གཏན་འབེབས་ལྷན་ཚོགས་ནས་གཏན་འབེབས་གནང་བའི་ཐ་སྙད་དེ་དག་མང་ཚོགས་ཚོགས་སྒེར་སྤྱི་དང་། ལྷག་པར་ཤེས་ཡོན་སྡེ་ཚན། དེ་བཞིན་བོད་མིའི་སྒྲིག་འཛུགས་ལས་ཁུངས་ཁག་བཅས་ནས་བཀོལ་སྤྱོད་གནང་རྒྱུ་གལ་འགངས་ཆེན་པོ་ཡིན་པ། གཅིག་གྱུར་མ་ཐུབ་པའི་ཐ་སྙད་ཁག་གཅིག་འབྱུང་བཞིན་པའི་གནས་སྟངས་ཐོག་གོ་བསྡུར་སྦྱངས་བཤད་གནང་དགོས་པ། གཏན་འབེབས་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པས་ཐ་སྙད་གཅིག་གྱུར་ཡོང་སླད་ཕྱོགས་དང་མཚམས་སོ་སོར་གོ་རྟོགས་དང་རྒྱུས་སྟོན་གནང་གལ་བཅས་ཀྱི་སྐོར་བཀའ་སློབ་གནང་ཡོད། དེ་ཡང་ཉིན་གྲངས་ལྔའི་རིང་ཤེས་ཡོན་དང་། ཁྲིམས་ལུགས། ཆབ་སྲིད། དཔལ་འབྱོར། རྩིས་རིག ཁོར་ཡུག འཕྲུལ་ཆས་བཅས་ཀྱི་བརྡ་ཆད་གྲངས་ ༦༠༠ ཙམ་འཆར་འབུལ་ཞུས་ཁོངས་ནས་ཁྱོན་བསྡོམས་ཐ་སྙད་གྲངས་ ༤༠༠ ཙམ་གཏན་འབེབས་གནང་ཐུབ་པ་བྱུང་ཡོད། ད་བར་ཐ་སྙད་ཁྱོན་བསྡོམས་གྲངས་ ༢༠༠༩༡ གཏན་འབེབས་གནང་ཡོད་ཅིང་། ཐ་སྙད་དེབ་ཕྲེང་ ༡༧ བར་འདོན་སྤེལ་ཐུབ་པ་དང་། ཐ་སྙད་འཚོལ་བཤེར་གྱི་དྲྭ་ཚིགས་དང་བཀོལ་སྤྱོད་མཉེན་ཆས་བཅས་ཀྱི་ཆ་རྐྱེན་སྦྱོར་སྐྲུན་ཞུས་ཡོད།ཐེངས་འདིའི་གཏན་འབེབས་ལྷན་ཚོགས་ཀྱི་ཚོགས་མིར་ཚོགས་གཙོ་ཆོས་རིག་དྲུང་འཕར་ཀུན་དགའ་རྒྱལ་མཚན་ལགས། ཚོགས་མིར་འབུམ་རམས་པ་ལྷག་པ་ཚེ་རིང་ལགས། འབུམ་རམས་པ་སྐལ་བཟང་དབང་འདུས་ལགས། དགེ་བཤེས་ངག་དབང་རྣམ་གྲོལ་ལགས། སྨན་རམས་པ་ཨོ་ཤོད་བསོད་ནམས་སྒྲོལ་དཀར་ལགས། བོད་ཁྱིམ་ཨིན་དགེ་ལས་ཟུར་རྒན་བསྟན་འཛིན་དར་རྒྱས་ལགས། བོད་ཀྱི་དཔེ་མཛོད་ཁང་གི་ཚན་རིག་འགན་འཛིན་ཟུར་པ་ཀརྨ་ཐུབ་བསྟན་ལགས། ཚོགས་མི་དང་ཚོགས་དྲུང་གཅིག་ལྕོགས་བརྡ་ཆད་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་ཨོ་རྒྱན་བསྟན་འཛིན་ལགས་བཅས་ལ་བཀའ་ཤག་ནས་སྐབས་བདུན་པའི་ཆེས་མཐོའི་བརྡ་ཆད་གཏན་འབེབས་ལྷན་ཚོགས་ཀྱི་ཚོགས་མིར་བསྐོ་གཞག་བསྩལ་ཡོད་པ་བཅས། །