༄༅། །བོད་རང་དབང་བདེན་པའི་ལས་འགུལ་གྱི་ས་གནས་ཚོགས་ཆུང་གི་སྒྲིག་གཞི་དོན་ཚན་དྲུག་པའི་ནང་གསེས་ ༡ དགོངས་དོན་བཞིན་”ཚོགས་མིའི་ལས་ཡུན་འགོ་འཛུགས་ཟླ་ ༦ ཚེས་ ༡ ནས་ལོ་གསུམ་རེ་ཡིན།” ཞེས་གསལ་བ་ལྟར། འདི་ལོ་ཟླ་ ༥ ནང་ཚོགས་མི་གསར་འདེམས་བྱུང་བ་རྣམས་ཟླ་ ༦ ཚེས་ ༡ ནས་ལས་འཁུར་འགོ་འཛུགས་ཟིན་པར་བརྟེན་དཔལ་འབྱོར་ལས་ཁུངས་ཀྱི་དང་བླངས་དཔྱ་དངུལ་ཚན་པའི་གོ་སྒྲིག་འོག་རྒྱ་བལ་འབྲུག་གསུམ་གྱི་ས་གནས་རང་བདེན་ཚོགས་ཆུང་རྣམས་པར་རྒྱ་གར་ས་གནས་ཁག་ ༧ ལ་ཆ་བགོས་ཀྱིས་ཟབ་སྦྱོང་འབུལ་རྒྱུ་ཡིན་པ་དང་། ལས་རིམ་གཞིར་བཟུང་ལྷོ་ཕྱོགས་ཁུལ་གྱི་ས་གནས་ཁག་ལ་ཟབ་སྦྱོང་ཕུལ་ཡོད། བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ནས་ལྷོ་ཕྱོགས་ཁྱབ་ཁོངས་བོད་རང་དབང་བདེན་པའི་ལས་འགུལ་ས་གནས་ཚོགས་ཆུང་ཁག་དྲུག་ལ་སྦེལ་ཀོབ་ལུགས་བསམ་ས་སྐྱ་མགྲོན་ཁང་དུ་ཕྱི་ལོ་ ༢༠༢༤ ཟླ་བ་ ༠༨ ཚེས་ ༡༤ དང་ ༡༥ བཅས་ཉིན་གྲངས་གཉིས་རིང་ས་གནས་ཚོགས་ཆུང་གི་ཚོགས་མི་གསར་འདེམས་བྱུང་བའི་ཁོངས་ནས་ཚོགས་བཅར་བ་མོ་གྲངས་ ༢ དང་ཕོ་གྲངས་ ༢༡ བཅས་བསྡོམས་ཚོགས་མི་གྲངས་ ༢༣ བཅར་ཐུབ་པ་བྱུང་ཡོད། ཉིན་དང་པོའི་དབུ་འབྱེད་མཛད་སྒོའི་སྐབས་ལུགས་བསམ་ས་གནས་འགོ་འཛིན་རྡོ་རྗེ་རིག་འཛིན་ལགས་ནས་ཟབ་སྦྱོང་དང་འབྲེལ་བའི་གསུང་བཤད་གནང་བ་དང་། དེ་རྗེས་ཟབ་སྦྱོང་ཉིན་གྲངས་གཉིས་རིང་དང་བླངས་དཔྱ་དངུལ་ཚན་པའི་འགན་འཛིན་དབྱངས་ཅན་སྒྲོལ་དཀར་ལགས་ནས་ཚོགས་བཅར་བ་རྣམས་ལ་བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་དང་བསྡུ་དངུལ་གཞན་དག་གི་འབུལ་འབབ་ཁྲིམས་ཡིག་དང་། བོད་རང་དབང་བདེན་པའི་ལས་འགུལ་ས་གནས་ཚོགས་ཆུང་གི་སྒྲིག་གཞི། རྒྱུན་གྲོན་རྩིས་ཁྲ་བཟོ་ཉར་དང་སྔོན་རྩིས་འཆར་འབུལ་ཞུ་ཕྱོགས། འགེངས་ཤོག་ ག་པ་དང་། ང་པ་བཀང་ཕྱོགས། རྩིས་ཞིབ་སྙན་ཐོ་དང་སྙན་ཐོ་ལན་འདེབས། རྒྱབ་ལྗོངས་དན་རྟགས་འབུལ་ཕྱོགས། རྩིས་དང་འབྲེལ་བའི་ཡིག་ཆ་བདག་ཉར་དགོས་པ་ཁག་འབྲེལ་བརྗོད་གནང་བ་དང་། གྲངས་ཐོ་ཚན་པའི་འགན་འཛིན་པདྨ་བདེ་ཆེན་ལགས་ནས་དཔྱ་དེབ་གསར་བཟོ་དང་ནོར་བཅོས། བོར་བརླག་བཅས་ཀྱི་རྩ་འཛིན་ལམ་སྟོན་དང་འགེངས་ཤོག་བཀང་རྒྱུའི་ཐད་འགྲེལ་བརྗོད་གནང་ཡོད། ཉིན་གྲངས་གཉིས་རིང་དཔལ་འབྱོར་ལས་ཁུངས་ཀྱི་ཚན་པ་གཉིས་ནས་ཚོགས་བཅར་བའི་དོགས་འདྲི་ཁག་ལ་དྲི་བ་དྲི་ལན་གྱི་ལམ་ནས་ཟབ་སྦྱོང་ལེགས་པར་གྲུབ་ཡོད་པ་བཅས། །