༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༨ ཚེས་ ༠༣ དང་ ༠༤ བཅས་ཉིན་གྲངས་གཉིས་རིང་རྒྱ་གར་གྱི་ཧར་ཡ་ན་མངའ་སྡེའི་སོ་ནི་པཊ་ས་གནས་སུ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་ (The Bharat-Tibet Sahayog Manch) བོད་དོན་སྐོར་ཚོགས་འདུ་བསྐོང་ཚོགས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་དང་། རྒྱ་དཀར་ནག་གི་འབྲེལ་བའི་སྐོར་གྲོས་ཆོད་དོན་ཚན་ལྔ་ཅན་ཞིག་བཞག་ཡོད།
དེ་ཡང་ཚོགས་འདུའི་དབུ་འབྱེད་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་སློབ་སྟོན་པ་དང་རྒྱལ་ཡོངས་དང་བླངས་ཞབས་ཞུ་ཚོགས་པའི་ཚོགས་མི་རྒན་པ་ཨིནྡྲེཤ་ཀུ་མཱར་ལགས། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་སློབ་སྟོན་པ་ཨགྣི་ཧོ་ཏྲཱི་ལགས། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་ཡོངས་ཚོགས་གཙོ་ཧར་ཇཱིཏ་སིངྷ་གྲེ་བཱལ་ལགས་དང་ཚོགས་གཞོན་སྭ་མཱི་དིབྱཱ་ནནྡ་མ་ཧཱ་རཱཇ་ལགས། རྒྱལ་ཡོངས་དྲུང་ཆེ་པཾ་ཀཅ་གོ་ཡལ་ལགས། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མའི་ཚོགས་གཙོ་རིན་ཆེན་མཁའ་འགྲོ་ལགས། རྒྱལ་ཡོངས་དང་བླངས་ཞབས་ཞུ་ཚོགས་པའི་ཧར་ཡ་ན་སྡེ་ཚན་ཡན་ལག་པྲ་ཏབ་ཅནྡྲ་ལགས། འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འབྲེལ་མཐུད་པ་བཀྲ་ཤིས་བདེ་སྐྱིད་ལགས། དེ་བཞིན་རྒྱ་གར་ནང་གི་མངའ་སྡེ་གྲངས་ ༢༤ ནས་ཚོགས་བཅར་བ་གྲངས་ ༢༦༧ ལྷན་ཞུགས་གནང་ཡོད།སྐབས་དེར་སྐུ་ཞབས་ཨིནྡྲེཤ་ཀུ་མཱར་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞི་ཁྱབ་སྤེལ་གནང་རྒྱུའི་གལ་གནད་དང་། ཕྱི་ལོ་ ༢༠༢༥ ལོར་མགོན་པོ་མཆོག་དགུང་གྲངས་ ༩༠ ལ་ཕེབས་ཀྱི་ཡོད་པ་དང་བསྟུན། ལོ་འཁོར་མོར་བྱམས་བརྩེའི་ལོར་སྲུང་བརྩི་ཞུ་རྒྱུ་དང་། སྐབས་དེར་༸གོང་ས་མཆོག་གི་བྱམས་བརྩེ་དང་། འཚེ་བ་མེད་པ། འཛམ་གླིང་ཞི་བདེའི་དགོངས་གཞི་རྣམས་ཁྱབ་སྤེལ་གོ་རྟོགས་སྤེལ་རྒྱུར་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་གོ་སྒྲིག་ཚོགས་ཆུང་ཞིག་ཟུར་འཛུགས་གནང་རྒྱུ་ཡིན་པ་གསུངས། དེ་བཞིན་ཁོང་གིས་ཉེ་ལམ་རྒྱ་ནག་གཞུང་གིས་བོད་ཨ་མདོ་མགོ་ལོག་ཁུལ་དུ་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་བཙན་དབང་གིས་སྒོ་བརྒྱབ་འཇུག་པའི་གནས་ཚུལ་ལ་ཐུགས་འཚབ་དང་སྦྲགས། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་པ་རྩ་མེད་གཏོང་བྱུས་བྱེད་བཞིན་པར་སྐྱོན་བརྗོད་གནང་ཡོད།སྐུ་མགྲོན་གཙོ་བོ་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་རྒྱ་ནག་གཞུང་གི་དྲག་གནོན་ཆེ་བའི་སྲིད་བྱུས་ལག་བསྟར་གྱིས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་གཏོང་གི་ཡོད་པ་མ་ཟད། བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེ་གཏོང་བཞིན་པར་སྐྱོན་བརྗོད་དང་སྦྲགས། རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་ནང་གི་ཛ་དྲག་གནས་སྟངས་ལ་དོ་སྣང་དང་། དེ་དོན་ཡར་རྒྱས་གཏོང་བར་ཐུགས་ཁུར་བཞེས་དགོས་པའི་རེ་སྐུལ་ཞུས་ཡོད།
གཞན་ཡང་ཚོགས་འདུའི་ཐོག་རྒྱ་ནག་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་ཐེ་བྱུས་བྱེད་མི་ཆོག་པ་དང་། རྒྱ་གར་ཐེ་བའི་རྒྱལ་སྤྱིའི་སྲིད་གཞུང་ཁག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ཐད་དགོངས་གཞི་ཇི་ཡོད་ལ་བརྩི་བཀུར་ངོས་འཛིན་གནང་དགོས་པ། དེ་བཞིན་གྲོས་མོལ་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས། རྒྱ་གར་གྱི་བདེ་འཇགས། རྒྱ་གར་ནང་བོད་དོན་གོ་རྟོགས་སྤེལ་ཕྱོགས་སོགས་ཀྱི་སྐོར་བསམ་གྲོས་གོ་བསྡུར་ལྷུག་པོ་གནང་སྟེ་གྲོས་ཆོད་གཏན་འབེབས་གནང་ཡོད་པ་བཅས།།