༄༅། །འདི་གར་རྡོར་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༠༧ ཚེས་ ༣༠ ཉིན་ཟུང་དྲུང་ཚད་མཉམ་རྡོ་རྗེ་རིག་འཛིན་ལགས་རྡོ་རྗེ་གླིང་བོད་མིའི་གཞིས་ཆགས་ཀྱི་ལས་ཁུངས་སུ་འབྱོར་ཞིང་། ཕྱི་ལོ་ ༢༠༢༤ ཟླ་བ་ ༧ ཚེས་ ༣༡ ཉིན་གཞུང་འབྲེལ་རྩིས་ལེན་རྩིས་སྤྲོད་ཀྱི་སྤྲོད་དཔང་དུ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་ཟུང་དྲུང་མིག་དམར་རྡོ་རྗེ་ལགས་དབུ་བཞུགས་ཐོག་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཡིག་ཆ་དང་། ཡིག་སྣོད། དཔེ་དེབ། འཛིན་ཆས། གལ་ཆེའི་ཅ་དངོས་བཅས་ཕྱི་ལོ་ ༢༠༢༤ ཟླ་བ་ ༤ ཚེས་ ༢༦ ནས་བཟུང་ས་འགོ་ལས་ཚབ་བསྟན་འཛིན་རང་གྲོལ་ལགས་ཀྱི་འགན་དབང་འོག་ཡོད་པ་རྣམས་ཚབ་གསར་བྱང་ཤར་སྤྱི་ཁྱབ་ལས་ཁུངས་ཀྱི་སྤྱི་ཁྱབ་དང་ས་འགོ་གཅིག་ལྕོགས་རྡོ་རྗེ་རིག་འཛིན་ལགས་སུ་རྩིས་སྤྲོད་ལེགས་པར་གནང་གྲུབ་རྗེས། གཞུང་འབྲེལ་རྩིས་ལེན་རྩིས་སྤྲོད་ཀྱི་ཉིན་དང་པོར་ས་གནས་ཀྱི་བཟོ་གྲྭ་སྟེ་བོད་མིའི་རང་ཁ་རང་གསོའི་ལྟེ་གནས་སུ་འཚམས་གཟིགས་སུ་ཕེབས་པ་དང་། བཟོ་གྲྭ་དེར་འདས་པའི་ལོ་ནས་བཟུང་ལས་ཁུངས་དང་སྤྱོད་སྒོ་མང་བའི་ཚོགས་ཁང་གསར་རྒྱག་གི་ཨར་ལས་འགྲོ་བཞིན་པར་བརྟེན་ཁྱབ་ཁོངས་ལས་ཁུངས་དང་ལས་ཤག་སོགས་ཀྱི་འཛིན་ཆས་རྙིང་པ་ཁག་གནས་སྐབས་རིང་གསོག་ཉར་སླད་བཞག་ཡོད་པ་རྣམས་ལ་གཟིགས་ཞིབ་གནང་།ཕྱི་ལོ་ ༢༠༢༤ ཟླ་བ་ ༠༨ ཚེས་ ༠༢ གཞུང་འབྲེལ་རྩིས་ལེན་རྩིས་སྤྲོད་ཀྱི་ཉིན་གཉིས་པར་བཀྲ་ཤིས་གླིང་བོད་མིའི་གཞིས་ཆགས་སུ་གཟིགས་སྐོར་ཕེབས་འབྱོར་དང་འབྲེལ་ས་གནས་འབྲེལ་མཐུད་ལས་ཁུངས་དང་། མང་ཚོགས། དེ་བཞིན་གཞུང་དང་གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་འགོ་ཁྲིད་རྣམ་པ་བཅས་དང་མཇལ་འཕྲད་གནང་། སོ་ནཱ་དཱ་ས་གནས་འགོ་འཛིན་ལས་ཁུངས་ཀྱི་འབྲེལ་མཐུད་པ་སྐལ་བཟང་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ནང་སྲིད་ཀྱི་སྐུ་ཚབ་སྤྲོད་དཔང་དང་། ས་གནས་འགོ་འཛིན་གསར་པ་རྣམ་གཉིས་མང་ཚོགས་ལ་ངོ་སྤྲོད་གནང་རྗེས་བླ་མ་ཧ་ཊ་ས་གནས་སུ་ཕེབས་ཏེ་སྔར་གྱི་གཞིས་ཆགས་ཀྱི་ས་ཆ་ཆུང་ངུ་ཞིག་དབུས་བོད་མིའི་ངལ་སེལ་ཚོགས་པའི་ཁྱབ་ཁོངས་སུ་ཡོད་པ་དེར་ཞིབ་འཇུག་དང་། དེར་གནས་སྡོད་ཁྱིམ་ཚང་རྣམས་ཀྱི་གནས་སྟངས་རྒྱུས་ལོན་གནང་།ཕྱི་ལོ་ ༢༠༢༤ ཟླ་བ་ ༨ ཚེས་ ༠༣ གཟའ་སྤེན་པའི་ཉིན་གཞུང་འབྲེལ་རྩིས་ལེན་རྩིས་སྤྲོད་ཀྱི་དངོས་གཞི་མཛད་སྒོ་འཚོགས་ཡོད་པ་རེད། མཛད་སྒོའི་ཐོག་མར་ཚོགས་བཅར་བ་ཡོངས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་དཀར་གཙང་མཇལ་དར་ཕུལ་ཞིང་སྐུ་མགྲོན་རྣམ་པ་གཉིས་ལ་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་ཞུས། ས་གནས་འགོ་འཛིན་ལས་ཚབ་དང་ལས་དྲུང་གཅིག་ལྕོགས་བསྟན་འཛིན་རང་གྲོལ་ལགས་ཀྱི་དགའ་བསུའི་ངོ་སྤྲོད་གསུང་བཤད་གནང་། ས་གནས་བུད་མེད་ཚོགས་པའི་དངས་བླངས་པ་ཁག་ཅིག་ནས་རྟེན་འབྲེལ་མཚོན་བྱེད་བོད་ཇ་དང་འབྲས་སིལ་འདེགས་འབུལ་ཞུས། དེ་ནས་ས་གནས་འཛིན་ལས་ཁུངས་ཀྱི་ཐམ་ཀ་དང་གལ་ཆེའི་ཡིག་སྣོད་བཅས་པ་ཚབ་གསར་བྱང་ཤར་སྤྱི་ཁྱབ་དང་ས་འགོ་གཅིག་ལྕོགས་ཟུང་དྲུང་ཚད་མཉམ་རྡོ་རྗེ་རིག་འཛིན་ལགས་སུ་རྩིས་སྤྲོད་གནང་། ཐེངས་འདིའི་གཞུང་འབྲེལ་རྩིས་ལེན་རྩིས་སྤྲོད་ཀྱི་མཛད་སྒོར་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་དང་། སམ་བྷོ་ཊ་བོད་སློབ་ཀྱི་སློབ་སྤྱི། ས་གནས་བུད་མེད་ཚོགས་པའི་ཚོགས་གཙོ། ལྕགས་པོ་རི་སྨན་རྩིས་ཁང་གི་སྨན་པ་གཙོ་བོ། ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་སྐུ་ཚབ། ཆོལ་གསུམ་ཚོགས་ཀྱི་ཚོགས་གཙོ་དང་རྒྱུན་ལས་ཁག་ཅིག མང་ཚོགས་བཅས་མཉམ་ཞུགས་གནང་ཡོད།མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་དང་སྤྲོད་དཔང་། ཚབ་གསར་ས་འགོ་གཉིས་ཀས་མང་ཚོགས་ལ་དུས་ཡུན་ཐུང་ངུའི་ནང་ས་གནས་འགོ་འཛིན་མང་པོ་འཕོ་འགྱུར་ཕྱིན་པའི་གནས་སྟངས་འགྲེལ་བརྗོད་གནང་བ་དང་སྦྲགས། མ་འོངས་པར་ལས་དོན་གང་ཅིའི་ཐོག་མཉམ་རུབ་དང་མཉམ་ལས་བྱེད་དགོས་པའི་གལ་གནད་སྐོར་ལམ་སྟོན་གནང་། དེ་བཞིན་རྡོར་གླིང་དང་དེའི་ཉེ་འདབས་སུ་གནས་སྡོད་བོད་མི་རྣམས་བོད་མིའི་སྒྲིག་འཛུགས་དང་ཐག་རིང་དུ་གནས་ཡོད་ཀྱང་། རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་རང་འཚོ་རང་སྐྱོང་ཐུབ་པའི་གནས་སྟངས་ཙམ་མིན་པར་དུས་རྒྱུན་དུ་སྤྱི་སེམས་དང་། བཟོད་བསྲན་ཅན་གྱི་རང་གཤིས་བཅས་ལ་ཡི་རང་བསྔགས་བརྗོད་གནང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱིས་བྱང་ཤར་སྤྱི་ཁྱབ་ལས་ཁུངས་གསར་འཛུགས་བྱེད་པའི་སྐོར་ངོ་སྤྲོད་གནང་གསལ། བོད་མིའི་སྒྲིག་འཛུགས་ནང་སྲིད་ཀྱི་ཁྱབ་ཁོངས་བོད་མིའི་གཞིས་ཆགས་སོ་སོར་ཁ་འཐོར་དུ་གནས་ཡོད་པ་རྣམས་ལ་སྡེ་ཚན་གཅིག་གི་ཁྱབ་ཁྱོངས་ནས་གཟིགས་རྟོག་སྟབས་བདེ་ཡོང་སླད་དམིགས་པ་དང་། བྱང་ཤར་སྤྱི་ཁྱབ་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ནུབ་བངྒཱལ་མངའ་སྡེའི་བོད་མིའི་གཞིས་ཆགས་རྡོར་གླིང་དང་། ཀ་སྦུག སོ་ནཱ་དཱ། འབྲས་ལྗོངས་མངའ་སྡེའི་བོད་མིའི་གཞིས་ཆགས་ར་ཝངྒ་ལཱ་དང་སྒང་ཏོག མེ་གྷ་ལཡ་མངའ་སྡེའི་བོད་མི་འདུ་གནས་ཤི་ལོངྒ་། ཨ་རུ་ཎཱ་ཅལ་པྲདེཤ་མངའ་སྡེའི་བོད་མིའི་གཞིས་ཆགས་མེའོ་དང་། ཏེ་ཛུ། ཀྲུ་ཀྲིང་། བསྟན་འཛིན་སྒང་། འབུམ་སྡེ་ལ། ནཱ་གཱ་ལཻཎྜ་མངའ་སྡེའི་བོད་མི་འདུ་གནས་ཌི་མ་པུར་བཅས་ཚུད་ཀྱི་ཡོད་པའི་སྐོར་འགྲེལ་བརྗོད་གནང་གྲུབ་མཚམས། སྐུ་མགྲོན་རྣམ་པ་གཉིས་དང་གོང་བརྗོད་གཞུང་དང་གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་པ་ས་གནས་འགོ་འཛིན་ལས་ཁུངས་དང་སྤྱོད་སྒོ་མང་བའི་ཚོགས་ཁང་གསར་དུ་རྒྱག་སར་གཟིགས་སྐོར་དུ་ཕེབས།ཕྱི་ཚེས་ ༠༤ ཉིན་ས་གནས་ཀྱི་བོད་མིའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག་ས་གནས་རང་བདེན་ཚོགས་ཆུང་དང་། ས་གནས་བུད་མེད་ལྷན་ཚོགས་གཉིས་ཀྱིས་སྣེ་ཁྲིད་འོག་ཚོགས་སྐྱིད་འགས་བོད་མིའི་སྒྲིག་འཛུགས་ནང་སྲིད་ཀྱི་སྐུ་ཚབ་དང་། ཚབ་གསར་ས་འགོ་གཉིས་ལ་གུས་བཀུར་ཆེ་བསྟོད་མཚོན་བྱེད་རྡོར་གླིང་དགའ་འཁྱིལ་གསོལ་མགྲོན་ཁང་དུ་དགོང་ཚིགས་སྟབས་བདེ་ཞིག་འདེགས་འབུལ་ཞུས་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།